༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་ལྷན་ཁང་གི་འགན་འཛིན་འཇམ་དཔལ་དབང་འདུས་མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་འདུག
མཇལ་འཕྲད་སྐབས། བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་ལྷན་ཁང་གི་འགན་འཛིན་འཇམ་དཔལ་དབང་འདུས་མཆོག་ལ་ཐོག་མར་འཚམས་འདྲི་དང་སྦྲགས། སྐུ་ཞབས་ཁོང་གིས་སྔ་ཕྱི་བར་གསུམ་དུ་བོད་དོན་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཐུགས་སྣང་ཆེན་པོ་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། འབྱུང་འགྱུར་ཡང་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞུས་པ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཅེས་པའི་ཕྱག་དེབ་ཅིག་ཕུལ་གནང་ཡོད་འདུག
གཞི་རྩའི་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་ལྷན་ཁང་གི་འགན་འཛིན་འཇམ་དཔལ་དབང་འདུས་མཆོག་ནི་རྒྱུན་དུ་བོད་མིིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་ཞིག་དང་། བོད་དོན་ཐོག་ཁ་ཤས་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན། བོད་མི་རྣམས་དང་ལྷན་དུ་སྐྱིད་སྡུག་མཉམ་མྱོང་གནང་མཁན་གྱི་གནད་ཡོད་མི་སྣ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། ཁོང་གི་ཡབ་དམ་པ་དེ་ཡང་མངའ་སྡེའི་བློན་ཆེན་ཡིན་པ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་ཞིག་དང་། བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཆགས་ཀྱི་ཡོད་འདུག
སྐབས་དེར་བསྟན་འཛིན་སྒང་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་མཉམ་བཅར་ཞུས་འདུག་པ་བཅས།