བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་མངའ་སྡེ་མདྱ་པྲ་དེཤའི་གྲོང་ཁྱེར་ཨཱིན་ཊོར་དུ་བོད་དོན་ཞུ་སྐུལ་གྱི་ལས་རིམ་བསྐྱངས་དང་སྐྱོང་བཞིན་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༥ ནས་ཟླ་ ༢ ཚེས་ ༨ བར་བོད་མི་མང་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་རྣམ་གཉིས་རྒྱ་གར་མངའ་སྡེ་མདྱ་པྲ་དེཤ་ (Madhya Pradesh) དང་། ཆ་ཏིས་གྷར་ (Chhattisgarh) དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་བོད་དོན་ཞུ་སྐུལ་གནང་དང་གནང་མུས་ལྟར། སྤྱི་འཐུས་རྣམ་གཉིས་རྒྱ་གར་མངའ་སྡེ་མདྱ་པྲ་དེཤའི་གྲོང་ཁྱེར་ཨཱིན་ཊོར་ (Indore) དུ་འབྱོར་མཚམས་འཕགས་བོད་འབྲེལ་མཐུད་ཚོགས་པ་ (Bharat Tibbat Sahyog Manch (BTSM)) ཡི་འཐུས་མི་སྐུ་ཞབས་ Yash Vardhan སོགས་ནས་ཕེབས་བསུ་ཞུས་གནང་འདུག
ཟླ་འདིའི་ཚེས་ ༢༩ ཉིན་སྤྱི་འཐུས་རྣམ་གཉིས་ནས་ཨཱིན་ཊོར་དུ་རྟེན་གཞི་བྱས་པའི་གཙུག་ལག་སློབ་གཉེར་ཁང་ Devi Ahilya Vishwavidyalaya (DAVV) University དུ་གདན་ཞུ་ལྟར་ཆེད་ཕེབས་ཀྱིས་གསར་འགོད་ལས་རིགས་ཀྱི་དགེ་སློབ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས། བོད་དོན་ཞུ་སྐུལ་དང་འབྲེལ་བའི་གནད་དོན་ཁག བོད་དེ་རྒྱ་གར་ལ་གལ་འགངས་ཇི་ལྟར་ཆགས་ཚུལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་གྱི་ངོ་སྤྲོད་སོགས་ཀྱི་ཐོག་གསུང་བཤད་གྲུབ་རྗེས་སློབ་ཕྲུག་རྣམས་ཀྱི་བཅར་འདྲི་ལ་ལན་འདེབས་གནང་ཡོད་འདུག། དེ་རྗེས་གསར་འགོད་ལས་རིགས་ཀྱི་འགན་འཛིན་ལྕམ་སྐུ་ Dr. Sonali Nargunde མཆོག་ལ་མཇལ་དར་དང་། ཨིན་སྐད་ཐོག་ཡོད་པའི་བོད་ཀྱི་སྲོད་དོན་རྒྱལ་རབས་དེབ་ཅིག་བཅས་ཕྱག་རྟགས་ཕུལ་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོ་དེབ་ཆུང་དང་ཡིག་ཆ་སོགས་འགྲེམས་སྤེལ་ཞུས་གནང་ཡོད་འདུག
དེ་རྗེས་སྤྱི་འཐུས་རྣམ་གཉིས་ Renaissance College མཐོ་སློབ་ཀྱི་དགེ་སློབ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས། བོད་དོན་ཞུ་སྐུལ་དང་འབྲེལ་བའི་གསུང་བཤད། སློབ་མ་ཚོའི་བཅར་འདྲི་སོགས་ལ་ལན་འདེབས་ཞུས་རྗེས། མཐོ་སློབ་ཀྱི་ཚོགས་གཙོས་སྐུ་ཞབས་ Swapnil Kothari མཆོག་ལ་ཨིན་སྐད་ཐོག་ཡོད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་དེབ་ཅིག་དང་མཇལ་དར་བཅས་ཕུལ།
མཐར་གསར་འགོད་པའི་སྐྱིད་སྡུག་ Abhyas Mandal ཞེས་པའི་ཚོགས་མི་གྲངས་ ༡༠༠ ལྷག་འདུ་འཛོམས་ཐོག སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ་བའི་བོད་དེ་རྒྱ་གར་ལ་གལ་འགངས་ཇི་ལྟར་ཆགས་ཚུལ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་སོགས་ངོ་སྤྲོད་ཞུས་རྗེས་བཅར་འདྲི་ཁག་ལ་ལན་འདེབས་གནང་ཡོད་པ་བཅས།