ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕྱི་ཚེས་ ༢༥ ནས་ ༢༩ བར་ཉིན་གྲངས་ལྔའི་རིང་གི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད་འདུག

ཟབ་སྦྱོང་ནང་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། མན་སྤར་ཕན་བདེ་གླིང་། སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་བཅས་ཀྱི་ས་གནས་འགོ་འཛིན་རྣམ་པ་དང་། ས་འཐུས་རྣམ་པ། ཨོ་ཌི་ཤ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་ཁྱོན་མི་གྲངས་ ༣༥ མཉམ་ཞུགས་གནང་ཡོད་འདུག

དེ་ཡང་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཚབ་ཐུབ་བསྟན་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་། དེ་ནས་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་གིས་ཟབ་སྦྱོང་གི་དགོས་དམིགས་དང་འབྲེལ། ས་གནས་འཐུས་ཚོགས་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བཅའ་ཁྲིམས་ནང་བཀོད་ཡོོད་པ་དང་། ས་གནས་འཐུས་ཚོགས་ནི་མང་གཙོའི་ལམ་ལུགས་ནང་གལ་གནད་ཆེན་པོ་ཡིན་པའི་སྐོར་གསུངས་གནང་བ་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་དང་དེའི་ལས་དོན་བྱེད་ཕྱོགས་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་གནང་ཕྱོགས་བཅས་ཀྱི་སྐོར་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་གསོལ་སྩལ་གནང་བའི་མང་གཙོའི་ཁེ་ཕན་དང་ལས་འགན། ས་གནས་འཐུས་ཚོགས་ཀྱི་ལས་དོན་ཚགས་ཚུད་དགོས་པའི་སྐོར་གསུང་བཤད་གནང་། མཐར་ཨོ་ཌི་ཤ་ས་འཐུས་ཚོགས་གཙོ་བཀྲ་ཤིས་བསྟན་འཛིན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཟབ་སྦྱོང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་རྗེས། ཟབ་སྦྱོང་དངོས་གཞི་འགོ་འཛུགས་གནང་འདུག

ཟབ་སྦྱོང་གི་ཉིན་དང་པོར། དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་སྐར་རྟགས་ཅན་གྱི་དྲི་བ་འདྲི་སྟངས་དང་། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་འདོན་ཕྱོགས། གྲོས་ཆོད་གྲོས་འཆར་འདོན་ཕྱོགས། ཁྲིམས་ཡིག་དང་སྒྲིག་གཞི་འཆར་ཟིན་འབུལ་ཕྱོགས་སྐོར་ཟབ་འཁྲིད་གནང་བ་དང་། དེ་བཞིན་ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཟབ་སྦྱོང་གི་ཉིན་གཉིས་པར། བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་ཐོག་ཟབ་འཁྲིད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་འདུག

ཟབ་སྦྱོང་གི་ཉིན་གསུམ་པར། ཉིན་རྗེས་མའི་དམར་ཁྲིད་གྲོས་ཚོགས་ཀྱི་ལས་རིམ་གྲ་སྒྲིག་ཞུ་སྒོ་ཁག་ཞུས་གནང་ཡོད་འདུག་པ་བཅས། །