བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་ཁོང་གི་ཉེ་འབྲེལ་ལྟོས་བཅས་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཐུགས་གསོའི་འཕྲིན་ཡིག་ཕུལ་བ།

༄༅། །མཚུངས་མེད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་དམ་པ་མཆོག་གི་ནང་མི་ཉེ་འབྲེལ་ལྷན་རྒྱས་ལ།

                                                                                                                     ཆེད་འབུལ།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་བར་ལམ་བསྙུན་བཞེས་ཀྱིས་འདི་ཟླའི་ཚེས་ ༢༩ རེས་གཟའ་ཟླ་བའི་ཞོགས་པ་ཨ་རི་དུས་ཚོད་ཚོུད་ ༦:༠༠ ཙམ་ལ་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོས་པར་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཡིད་སྐྱོ་དང་བློ་ཕམ་གྱི་གནས་སུ་གྱུར་པ་དང་། ཁྱེད་ནང་མི་ཉེ་འབྲེལ་ལྷན་རྒྱས་རྣམས་དེ་བས་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པ་གཞིར་བཅས་ཤིང་། འདི་ནས་ཀྱང་དམ་པ་དེ་ཉིད་ཀྱིས་བོད་མིའི་སྒྲིག་འཛུགས་དང་རྒྱ་ཆེའི་མང་ཚོགས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ། ཁོང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་སྒྲུབ་པའི་སྨོན་འདུན་དང་། ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས་དེ་དོན་དགོངས་མངའ་འཚལ།       བོད་མི་མང་སྤྱི་ལྷན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༠༡ ལ།

                                                                                                                     ཕུལ།།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་ནི།  ཕྱི་ལོ་ ༡༩༤༨ ལོར་ཡབ་རྒྱ་རི་ཉི་མ་བཟའ་ཟླ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། བཙན་བྱོལ་དུ་འབྱོར་རྗེས་རྡོར་གླིང་ཁུལ་དུ་ཨིན་ཡིག་སློབ་སྦྱོང་ཕྲན་བུ་གནང་བ་དང་། ཕྱི་ལོ་ ༡༩༦༩ ནས་གཞུང་ཞབས་ཁོངས་འཛུལ་ཞུགས་ཀྱིས་ཐོག་མ་ལྡི་ལི་དོན་གཅོད་ཁང་གི་དྲུང་གཞོན་དང་། བར་སྐབས་ཤིག་ལ་རང་དབང་གསར་ཤོག་གི་ལས་བྱེད་པ། ཨིན་ཡིག་བོད་གནས་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པའང་འཁྱུག་ཙམ་གནང་མྱོང་ཡོད། ཕྱི་ལོ་ ༡༩༧༠ ལོར་སྐབས་དེའི་བོད་པ་ན་གཞོན་ཚོས་རང་གི་ལས་འགན་གྱི་ཞོར་དུ་བོད་སྤྱི་བའི་ལས་དོན་ལ་ནུས་པ་འཕར་མ་སྤུང་ཆེད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་འཛུགས་ཀྱི་ཐུགས་འགན་བཞེས་ཡོད་པར་མ་ཟད། རྒྱ་གར་ནང་དུ་བོད་དོན་ལས་འགུལ་གོང་མཐོར་ཡོང་ཆེད་འཕགས་བོད་མཛའ་འབྲེལ་ཚོགས་པ་ཟུར་འཛུགས་ཀྱིས་རྒྱ་གར་གཞུང་གི་དཔོན་རིགས་ཁག་ལ་ཐད་ཀར་འབྲེལ་བ་བཙུགས།  ཕྱི་ལོ་ ༡༩༨༠ ལོར་སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་ཁོངས་མདོ་སྟོད་སྤྱི་འཐུས་ལ་འདེམས་ཐོན་བྱུང་བ་དང་། སྐབས་དེའི་སྤྱི་འཐུས་ཚོགས་གཙོ་ཡང་གནང་འདུག བཀའ་བློན་གྱི་ལས་ཁུར་བཞེས་པའི་རིང་ལ་བཙན་བྱོལ་བོད་མིའི་ཕྱི་འབྲེལ་ལས་དོན་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ཐུགས་འགན་གཙོ་བཞེས་གནང་ཡོད། ཕྱི་ལོ་ ༡༩༨༢ དང་ ༡༩༨༤ ལོ་སོ་སོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་པེ་ཅིང་དུ་གཏོང་གནང་མཛད་པའི་མི་གསུམ་ཡོད་ཁོངས་ནས་གཅིག་ཁོང་ཡིན་པ་དང་། ཕྱི་ལོ་ ༡༩༨༤ ལོར་དྲིལ་བསྒྲགས་དྲུང་ཆེ་ལས་འཕར་ལ་བསྐོ་གཞག་བསྩལ་གནང་འདུག ཕྱི་ལོ་ ༡༩༩༡ ལོ་ནས་རྒྱ་རི་རིན་པོ་ཆེས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚོགས་གཙོ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་པའི་རིང་ལ་འཛམ་གླིང་སྤྱི་དང་། ལྷག་པར་ཨ་རིའི་སྲིད་འཛིན་བཞིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོར་གདན་ཞུས་ཀྱིས་མཇལ་འཕྲད་གནང་རྒྱུར་འོག་གྲབས་ཀྱི་ལས་དོན་འགན་ཁུར་གཙོ་བཞེས་གནང་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཚོས་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་བྱུང་ནས་བོད་ཀྱི་སྲིད་བྱུས་ཞེས་པའི་ཁྲིམས་ཡིག་གཏན་འབེབས་གནང་ཐུབ་པ་བཅས་བྱུང་ཡོད། ཕྱི་ལོ་ ༢༠༠༢ ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཚན་གནས་ཐོག་རྒྱ་ནག་གཞུང་དང་འབྲེལ་མོལ་ཐེངས་དགུ་གནང་ཐུབ་ཡོད། བོད་རྒྱའི་འབྲེལ་མོལ་གྱི་ཐོག་མཐའ་བར་གསུམ་དུ་རྒྱ་རི་རིན་པོ་ཆེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལམ་སྟོན་བཞིན་རྒྱ་ནག་གི་དཔོན་རིགས་ཚོར་འཇམ་རྩུབ་གཉིས་ཀྱི་ཐབས་བྱུས་ཅི་རིགས་བསྟེན་ནས་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་པ་ལྷོད་མེད་གནང་། དམ་པ་ཁོང་གི་སྐུ་ཚེ་ཧྲིལ་པོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་དགོངས་བཞེད་ལ་གུས་བཀུར་དང་ལེན་ཞུ་མཁན་ཞིག་ཡིན་ཞིང་། དམ་པ་དེ་ཉིད་ཀྱིས་བོད་ནང་གི་འགྱུར་བའི་གནས་ཚུལ་རྒྱུན་དུ་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་དང་། བཙན་བྱོལ་བོད་པ་ཚོར་༧གོང་ས་མཆོག་ཐུགས་ཕམ་མི་ཡོང་བ་དང་བོད་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་བློ་ཕམ་མི་ཡོང་བ་བྱ་དགོས་ཞེས་ནན་སྐུལ་གནང་མཁན་ཞིག་ཀྱང་ཡིན།

དམ་པ་ཁོང་ཉིད་མཆིན་སྐྲན་ནད་ཀྱི་བསྙུན་བཞེས་རྗེས་ཨ་རིའི་སྨན་པ་མཁས་པ་ཚོས་བརྟག་དཔྱད་དང་སྨན་བཅོས་བྱེད་ཐབས་གནང་འདུག་ཀྱང་དྲག་སྐྱེད་མ་བྱུང་བར་མཐར་རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོར་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༩ ཉིན་ཆུ་ཚོད་ ༦།༠༠ པ་ཙམ་ལ་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་སན་ཧྥ་རན་སི་སེ་ཀོ་གྲོང་ཁྱེར་ནང་སྨན་ཁང་ཞིག་ཏུ་སྐུ་ཚེ་མ་ཟིན་པ་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པ་བཅས། །