མོན་གྷོ་འདོད་རྒུ་གླིང་དུ་གཞུང་འབྲེལ་མཛད་འཆར་ལེགས་གྲུབ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༤ ཉིན་ཧུབ་ལིར་གནམ་ཐང་དུ་ཕེབས་འབྱོར་མཚམས་ལྷོ་སྤྱི་མཆོག་དང་། མོན་གྷོ་འདོད་རྒུ་གླིང་གི་ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སའི་འགན་འཛིན་རྣམ་པ། མཉམ་འབྲེལ་འགན་འཛིན་བཅས་ནས་ཕེབས་བསུ་གནང་། མོན་གྷོ་འབྲས་སྤུངས་བློ་གསལ་གླིང་གི་མགྲོན་ཁང་དུ་ཕེབས་འབྱོར་མཚམས་དགོན་སྡེ་ཁག་གི་སྐུ་ཚབ། མཉམ་དྲུང་། སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། སྨན་ཁང་ཁག་གི་འགན་འཛིན། གཞོན་ནུ་དང་བུད་མེད། གཞིས་གྲངས་ཁག་གི་སྤྱི་མི་བཅས་ནས་ཕེབས་བསུའི་མཚམས་འདྲི་ཞུས།

ཕྱི་ཚེས་ ༡༥ ཉིན་སྔ་དྲོར་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་བཞིའི་ནང་ས་གནས་མི་མང་རྣམས་ལ་ “མང་གཙོ་དང་ཆིག་སྒྲིལ་“ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུར་གདན་ཞུས་གནང་བ་ལྟར་མོན་གྷོ་གཞིས་ཆགས་ཀྱི་མང་ཚོགས་རྣམས་ལ་གོང་ཞུས་བརྗོད་གཞིའི་ཐོགས་གསུང་བཤད་དང་དྲི་བར་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། སྐབས་དེར་མང་གཙོ་ཚོགས་པས་གདན་ཞུས་ལྟར་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནས་ཀྱང་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་གནང་ཡོད།  ཉིན་དེའི་ཕྱི་དྲོར་འབྲས་སྤུངས་བླ་སྤྱིར་དཔལ་ལྡན་ཚོགས་གཙོ་མཆོག་ནས་གྲྭ་མང་ལ་གསུང་བཤད་གནང་བ་དང་སྐབས་དེར་གྲྭ་ཚང་གི་མཁན་རིན་པོ་རྣམ་པ་ཆེད་ཕེབས་གནང་ཡོད། དེ་རྗེས་དྲི་བར་ཁག་ལ་ལན་འདེབས་གསལ་བཤད་བཅས་གནང་ཡོད།

ཚེས་ ༡༦ སྔ་དྲོར་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འཐུས་ཚོགས་ནས་གདན་ཞུས་ལྟར་ས་འཐུས་ཀྱི་འགན་དབང་དང་ལས་དོན་གནང་ཕྱོགས། བག་ཡོད་བསྟེན་ཕྱོགས་བཅས་ཀྱི་ཐོག་གསུང་བཤད་གནང་བ་དང་། ས་འཐུས་རྣམ་པས་དོགས་འདྲི་ཁག་ལ་ལན་འདེབས་ཁ་གསལ་ཞུས་གནང་ཡོད་པ་དང། དེ་རྗེས་ས་གནས་འགོ་འཛིན་ནས་གདན་ཞུས་ལྟར་ས་གནས་འགོ་འཛིན་གྱི་ལས་ཁུངས་ལ་གཟིགས་ཞིབ་དང་། མོན་གྷོ་འདོད་རྒུ་གླིང་གི་རྒས་གསོ་ཁང་ནང་ཆེད་ཕེབས་ཀྱིས་གཟིགས་ཞིབ་བཅས་གནང་ཡོད། ཉིན་གུང་ས་གནས་ཀྱི་སྡེ་ཚན་ཉི་ཤུ་རྩ་གཉིས་ཀྱི་གཞུང་འབྲེལ་གསོལ་ཚིག་འདེགས་འབུལ་ཞུས་ཡོད། ཉིན་དེར་ཕྱི་དྲོར་དཔལ་ལྡན་ཚོགས་གཙོ་མཆོག་ནས་དགའ་ལྡན་བླ་སྤྱིར་གྲྭ་མང་ལ་གསུང་བཤད་གནང་བ་དང་སྐབས་དེར་གྲྭ་ཚང་གི་མཁན་རིན་པོ་ཆེ་རྣམ་པ་ཆེད་ཕེབས་གནང་ཡོད། དེ་རྗེས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་བཅས་གནང་ཡོད།

མོན་གྷོ་འདོད་རྒུ་གླིང་གི་ལས་དོན་རྣམས་ལེགས་གྲུབ་ཀྱིས་ཉིན་དེའི་དགོང་མོར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་ཁག་ནས་ཕེབས་བསྐྱེལ་དང་བཅས་ཧུབ་ལི་ནས་མེ་འཁོར་ནང་མེ་སོར་བར་ཕེབས་ཐོན་གྱིས་སྦེལ་ཀོབ་གཞིས་ཆགས་སུ་གཞུང་འབྲེལ་ཕེབས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།


 

 

Menu