​​​​​​བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་དང་རྒྱུན་ལས་ཁག་ཅིག་རྡ་སར་ཕེབས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་བ།

༄༅། ། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་དང་ཚོགས་པའི་རྒྱུན་ལས་  Hsin-Yi Lin   ལགས། ཐའེ་ཝན་གྲོས་ཚོགས་ཀྱི་འཐུས་མི་ Yu Mei Nu མཆོག་གི་སྒེར་དྲུང་ Liu Ying Chun ལགས་ཀྱིས་གཙོས་ཚོགས་མི་གཞན་ཁག་ཅིག་ཕྱི་ཟླ་ ༩ ཚེས་ ༤ ཉིན་རྡ་སར་ཕེབས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་གནང་ཡོད།

དེ་ཡང་ཕྱི་ཟླ་ ༩ ཚེས་ ༥ ཉིན་གྱི་དགོང་མོ་ཆུ་ཚོད་ ༧ པ་ཙམ་ལ་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་ནང་སྐུ་མགྲོན་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་གསོལ་ཚིགས་འདེགས་འབུལ་ཞུས་གནང་བ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་སྐུ་མགྲོན་རྣམ་པ་རྡ་སར་ཕེབས་གནང་བར་འཚམས་འདྲི་ཞུས་པ་སྦྲགས། སྤྱི་འཐུས་བློ་བཟང་གྲགས་པ་མཆོག་གིས་སྐུ་མགྲོན་རྣམ་པའི་ངོ་སྤྲོད་སྐོར་སྙིང་བསྡུས་ཞུས་གནང་བ་དང་། དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྤྱི་འཐུས་རྒྱུན་ལས་རྣམ་པ་ངོ་སྤྲོད་གནང་ཡོད། དེ་ནས་ཚོགས་པའི་རྒྱུན་ལས་ Hsin-Yi Lin ལགས་ཀྱིས་གསུང་དོན། དེ་རིང་སྔ་དྲོ་ང་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བའི་སྐལ་བཟང་གི་གོ་སྐབས་ཐོབ་པར་ཤིན་ཏུ་ནས་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། མཇལ་འཕྲད་སྐབས་རང་དབང་དང་། འགྲོ་བའི་མིའི་ཐོབ་ཐང་གི་སྐོར་ལ་བཀའ་མོལ་གྲོས་བསྡུར་གནང་རྒྱུ་བྱུང་ཞེས་གསུངས་སོང། དེ་བཞིན་ཚོགས་པའི་ངོ་སྤྲོད་དང་། ཐེ་ཝན་ནང་བོད་ཀྱི་གནད་དོན་ཐོག་སྔར་ལྷག་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐོར་སོགས་ཀྱི་ཐོག་གསུངས་རྗེས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཐེ་ཝན་ནང་གི་ཆབ་སྲིད་སྐོར་དང་། བོད་ཀྱི་གནད་དོན་ཐོག་སྔར་ལྷག་འབད་བརྩོན་གནང་བཞིན་པའི་སྐོར་སོགས་གསུངས། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམ་པས་ཁོང་རྣམ་པའི་ཕྱག་ལས་གནང་ཕྱོགས་ལ་བསྔགས་བརྗོད་དང་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་བ་མ་ཟད་ཆུ་ཚོད་ ༢ ལྷག་རིང་གོ་བསྡུར་ལྷུག་པོ་གནང་སོང་།

དེ་མཚུངས་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་སྐུ་མགྲོན་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་མཚམས་གཟིགས་སུ་ཕེབས་གནང་བ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་ཀྱི་འདས་ད་ལྟ་མ་འོངས་གསུམ་གྱི་ལོ་རྒྱུས་སྙིང་བསྡུས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། དེ་བཞིན་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྐོར། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་སོགས་ཀྱི་ཐོག་གསུངས་གནང་གྲུབ་རྗེས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་མི་རྣམ་པས་དྲི་བར་འདོན་གནང་བར་དཔལ་ལྡན་ཚོགས་གཞོན་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད།

དེ་ནས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐོག་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་མི་རྣམ་པ་བརྒྱུད་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་མཚན་ཐོག་བསྐུར་གནང་བའི་ཕྱག་ཡིག་ཞིག་དཔལ་ལྡན་ཚོགས་གཞོན་མཆོག་ལ་ཕུལ་གནང་བ་བཅས་ཀྱི་གནས་ཚུལ་དུ།།