ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་སྐུ་ཤཱ་རོན་ (Sharon Claydon) མཆོག་གིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༨ ཉིན་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་སྐུ་ཤཱ་རོན་ (Sharon Claydon) མཆོག་དང་། ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེ་ནེ་ཊི་ཨེ་ལི་ཛེ་བྷེ་ཐི་ར་ཡི་སི་ (Janet Elizabeth Rice) ལགས། ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འོག་མའི་འཐུས་མི་སོ་ཧྥེ་ཨན་ན་(Sophie Anna Scamps) ལགས། ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འོག་མའི་འཐུས་མི་སུ་སན་རེ་ཡེ་ཊམ་པལ་མན་(Susan Raye Templeman) ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་ཀྱིས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་མཇལ་མོལ་གནང་སོང་།

སྐབས་དེར་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཛོ་བྷེ་ཌི་ཧྥོར་ཌི་ (Dr. Zoe Bedford) ལགས་མཉམ་བཅར་ཞུས་ཡོད།

མཇལ་འཕྲད་སྐབས། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་བོད་དོན་ཆེད་གདུང་སེམས་མཉམ་བསྐྱེད་ཀྱིས་རྡ་སར་ཆེད་ཕེབས་གནང་བ་དང་། དེ་བཞིན་དེ་རིང་ཞོགས་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་སོགས་ཁོང་རྣམ་པ་འདིར་ཉིན་གྲངས་གསུམ་རིང་བཞུགས་པའི་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྐོར་ཐུགས་རྒྱུད་ཡག་པོ་ཡོང་བའི་རེ་བ་ཡོད་ཅེས་གསུངས་སོང་།

གཞན་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨོསྟྲེ་ལི་ཡཱ་དང་བོད་བར་ས་ཐག་ཇི་ཙམ་རིང་ཡང་རྒྱལ་ཁབ་གཉིས་ཀྱི་མི་མང་དབར་སེམས་ཐག་ཧ་ཅང་ཉེ་པོ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པའི་སྐོར་ཡང་གསུངས་པ་དང་།

དེ་བཞིན་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེ་ནེ་ཊི་ཨེ་ལི་ཛེ་བྷེ་ཐི་ར་ཡི་སི་ (Janet Elizabeth Rice) ལགས་ཀྱིས་དེ་སྔ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་མཉམ་ཞུགས་གནང་བ་མ་ཟད། བསྒྲགས་གཏམ་ཟིན་བྲིས་ཚོགས་ཆུང་ནང་དངོས་སུ་ཞུགས་པ་དང་། ཨོསྟྲེ་ལི་ཡཱར་ཕྱིར་ཕེབས་ཏེ་གྲོས་ཚོགས་ནང་བོད་དོན་སྐོར་གསུངས་བཤད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ། དེ་བཞིན་སྐུ་མགྲོན་རྣམས་ས་ཐག་རིང་པོ་ནས་བོད་དོན་ཐོག་རྒྱབ་སྐྱོར་མཚོན་ཆེད་དུ་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་གནང་སོང་

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་བྱེད་ཕྱོགས། དེ་རྗེས་ད་ལྟའི་རྒྱ་ནག་དམར་གཞུང་འོག་བོད་ནང་བྱིས་པ་སྟོང་ཕྲག་མང་པོ་རྒྱ་ནག་དམར་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། རྒྱ་ནག་དམར་གཞུང་གི་བྱ་སྤྱོད་ལ་བརྟེན་ནས་ཏོག་དབྱིབས་གཉན་རིམས་ ༡༩ འཛམ་གླིང་ཁྱོན་ཡོངས་ནང་ཁྱབ་གདལ་ཤུགས་ཆེ་བྱུང་སྟེ། མི་ཁྲི་ཕྲག་མང་པོའི་ཚེ་སྲོག་ཤོར་བ་སོགས་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་པ་དེས། རྒྱ་ནག་དམར་གཞུང་ནི་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་ཆགས་ཀྱི་ཡོད་པ་གསལ་པོ་ཡིན་པ། དེར་བརྟེན་ཚང་མས་རྒྱ་ནག་དམར་གཞུང་གི་བྱ་སྤྱོད་རྣམས་ཐེར་འདོན་གནང་དགོས་པ་སོགས་གསུངས་གནང་སོང་

ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པས་བཙན་བྱོལ་ནང་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་འདི་ཉིད་འཛམ་གླིང་ཡོངས་ལ་ཕྱག་རྟགས་ཤིག་ཡིན་སྐོར་གསུངས་ཏེ་བསྔགས་བརྗོད་གནང་བ་དང་། དེ་བཞིན་ཨོསྟྲེ་ལི་ཡཱའི་ནང་གནས་སྡོད་བོད་མི་ཚོས་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་འབད་བརྩོན་ཤུགས་ཆེ་གནང་བཞིན་ཡོད་པར་བསྔགས་བརྗོད་གནང་སོང་།

གཞན་ཁོང་རྣམས་གྲོས་ཚོགས་སུ་གཟིགས་སྐོར་ཕེབས་པ་དང་། ཁོང་རྣམ་པར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱག་རྟགས་དང་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་ཕུལ་གནང་སོང་ལ་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མི་རྣམ་པ་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་དབར་བཀའ་བསྡུར་ལྷུགས་པོ་གནང་ཡོད་པ་བཅས།