ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དང་། ཨོ་གླིང་བོད་ཀྱི་གཞོན་སྐྱེས་ལུས་རྩལ་འགྲན་ཚོགས་ཐེངས་ ༡༡ པ་བཅས་ཀྱི་ཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་སྐུ་མགྲོན་དུ་ཆེད་བཅར་གནང་བ།

 

༄༅། ། ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༩ ཉིན་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ (Melbourne) དུ་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་ཚོགས་གནང་བའི་ཐོག ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་དམིགས་བསལ་སྐུ་མགྲོན་དང་། ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་མཆོག་སྐུ་མགྲོན་གཙོ་བོར་ཆེད་བཅར་གནང་ཡོད།

སྐབས་དེར་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གིས་ཚོགས་ཆེན་གྱི་གྲོས་གཞི་དང་འབྲེལ་བའི་ཐོག་ལམ་སྟོན་གསུང་བཤད་དང་། དེ་བཞིན་ཨོ་སི་ཀྲོ་ལི་ཡའི་ནང་གནས་སྡོད་བོད་མིའི་མཉམ་རུབ་དང་། མཐུན་སྒྲིལ་གྱི་ནུས་པ་རྒྱུན་འཁྱོངས་ཀྱིས་ས་གནས་གཞན་ལ་མིག་དཔེ་སྟོན་ཐུབ་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་བོད་ཀྱི་སྐད་ཡིག་དང་། རིག་གཞུང་མི་ཉམས་གོང་སྤེལ་གནང་ཕྱོགས་དང་། བོད་དོན་ཞུ་གཏུག་ཚགས་ཚུད་གཏོང་ཐབས། ཨོ་སི་ཀྲོ་ལི་ཡའི་ནང་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་བཅས་གྲོས་གཞི་གཙོ་བོ་གསུམ་གྱི་ཐོག་གོ་བསྡུར་སྦྱངས་བཤད་གནང་ཡོད་པ་དང་། ཚོགས་ཆེན་ཐོག་ས་གནས་ཁེན་བྷེ་ར་ (Canberra) དང་། སིཌ་ནི།(Sydney) ཎེའུ་ཁང་གསར་ (New Castle) ནའུ་ར།(Nowra) མེལ་བྷོན།(Melbourne) བྷི་རི་སི་བྷེན། (Brisbane) ཨེ་ཌེ་ལེ་ཌེ།(Adelaide) བཅས་ཀྱི་སྐུ་ཚབ་དང་། ཚོགས་བཅར་བ་ ༡༢༠ ཙམ་མཉམ་ཞུགས་གནང་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་ཕྱོགས་བཞུགས་སྤྱི་འཐུས་མཆོག་དང་། སྐུ་ཚབ་དོན་གཅོད་རྣམ་པ་གཉིས་ཝིག་ཀྲོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པས་ཉིན་བཞིའི་རིང་གོ་སྒྲིག་ཞུས་པའི་ཨོ་གླིང་བོད་ཀྱི་གཞོན་སྐྱེས་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་གཅིག་པའི་མཇུག་བསྡོམས་མཛད་སྒོར་ཆེད་བཅར་གནང་བ་དང་། སྐབས་དེར་ཕྱོགས་བཞུགས་སྤྱི་འཐུས་མཆོག་གིས་བོད་དོན་འཐབ་རྩོད་ཐོག་ཆིག་སྒྲིལ་གྱི་ནུས་པའི་གལ་གནད་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་གསུང་བཤད་སྙིང་བསྡུས་དང་། དེ་བཞིན་རྩེད་འགྲན་གོ་སྒྲིག་ཞུ་མཁན་དང་། སྦྱིན་བདག་རྣམས་ལ་ཐུགས་རྗེ་ཆེ་ཞུས་འདུག གཞན་ཡང་དང་བླངས་ཕྱག་ལས་གནང་མཁན་རྣམས་ལ་སྤྱི་འཐུས་མཆོག་བརྒྱུད་ཕྱག་ཁྱེར་གནང་འདུག

སྤྱིར་ཨོ་གླིང་བོད་ཀྱི་གཞོན་སྐྱེས་ལུས་རྩལ་འགྲན་ཚོགས་ཐེངས་ ༡༡ པ་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༧ ནས་ ༡༠ བར་གོ་སྒྲིག་ཞུས་ཡོད་ཅིང་། རྩེད་འགྲན་ནང་མེལ་བྷོན་དང་། སིཌ་ནི། ཎེའུ་ཁང་གསར་བཅས་ནས་རྐང་རྩེད་སྤོ་ལོའི་རུ་ཁག་དྲུག་དང་། བུའི་སིལ་སྤོལ་རུ་ཁག་བརྒྱད། བུད་མེད་སིལ་སྤོལ་རུ་ཁག་བཞི་བཅས་མཉམ་ཞུགས་གནང་ཡོད་པ་བཅས། །