ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་རྡ་སར་འཚམས་གཟིགས་སུ་ཕེབས་པ། Print གསར་འགྱུར་ཕྱོགས་བསྡུས།

ཨོ་སི་ཀྲོ་ལི་ཡའི་གྲོས་ཚཽགས་འཐུས་མི།ཨོ་སི་ཀྲོ་ལི་ཡའི་གྲོས་ཚཽགས་འཐུས་མི།

 

ཨོ་སི་ཀྲོ་ལི་ཡའི་ Labour Party ངལ་རྩོལ་ཚོགས་པའི་ལྕམ་སྐུ་ Lisa Singh-MP མཆོག་དང། Green Party ལྗང་ཁུ་ཚོགས་པའི་ལྕམ་སྐུ Larissa Waters-MP མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༠ ཉིན་ལྡི་ལི་ནས་གྷ་གལ་གནམ་ཐང་བརྒྱུད་རྡ་སར་འབྱོར་བར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ལས་བྱེད་བསྟན་འཛིན་ཆོས་སྒྲོན་ལགས་ཕེབས་བསུར་བཅར་ཡོད་པ་དང།  ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁོང་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་མགྲོན་དུ་ཕེབས་པ་ལྟར།  སྤྱི་འཐུས་ལྷན་ཁང་ནས་བོད་ཀྱི་ཟློས་གར་ཁང་དུ་ཁོང་རྣམ་གཉིས་ལ་གསོལ་ཚིགས་འདེགས་འབུལ་དང་འབྲེལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་དང།  སྤྱི་འཐུས་རྒྱུན་ལས་རྣམ་པའི་ལྷན་མཇལ་འཕྲད་གནང་སྟེ་རྒྱུན་ལས་རྣམ་པས་དེང་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་བོད་དོན་བདེན་རྒྱབ་ཡོང་བ་ཞུས་ཡོད་པ་རེད།  ཕྱི་ཚེས་ ༡༡ ཉིན་སྐུ་ཚབ་རྣམ་གཉིས་དཔལ་༸རྒྱལ་བ་ཀརྨ་མཆོག་གི་སྐུ་མདུན་དུ་མཇལ་ཁར་བཅར་བ་དང་།  ཉེ་འཁོར་དུ་གནས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང།  བཙུན་དགོན་སྒྲོལ་མ་གླིང།  ཤེས་རབ་དགའ་ཚལ་སློབ་གླིང་སོགས་ལ་གཟིགས་སྐོར་གནང་སྟེ་ཕྱིར་གངས་སྐྱིད་དུ་འཁོར་མཚམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་དང་མཇལ་འཕྲད་ཀྱིས་དགོང་དྲོའི་གསོལ་ཚིགས་མཉམ་བཞེས་གནང་ཡོད།  ཕྱི་ཚེས་ ༡༢ ཉིན་བོད་ཁྱིམ་སློབ་གྲྭ་དང།   གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ།  ཚོགས་དྲུང་ལས་ཁུངས།  བོད་ཀྱི་དཔེ་མཛོད་ཁང་།  སྨན་རྩིས་ཁང་སོགས་སུ་གཟིགས་སྐོར་གནང་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་དང།  ནོར་ཝེལ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན།  དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་དང་མཇལ་འཕྲད་སོགས་གནང་སྟེ་ཕྱི་ཚེས་ ༡༤ ཉིན་གུང་ཕྱག་ཚོད་ ༡༢ ཐོག་གྷ་གལ་གནམ་ཐང་བརྒྱུད་ལྡི་ལིར་ཕྱིར་ཕེབས་གནང་ཡོད་པ་བཅས།།