ཨོ་གླིང་དབུས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ཐོག་ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་མཉམ་ཞུགས་དང་། གྲོས་ཚོགས་འཐུས་མི་རྣམས་མཇལ་འཕྲད་གནང་བ།  

༄༅།  །ཨོ་སི་ཀྲོ་ལི་ཡའི་དཔྱིད་དུས་གྲོས་ཚོགས་འཚོགས་བཞིན་པ་དང་སྟབས་བསྟུན། ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༣༠ ཉིན་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཚོགས་འདུ་ཞིག་བསྐོང་ཚོགས་གནང་འདུག

སྐབས་དེའི་ཚོགས་འདུའི་ཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་དང་། ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས། ཨོ་སི་ཀྲོ་ལི་ཡ་བོད་དོན་ལྷན་ཁང་གི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཛོ་ བྷེཊ་ཕོཊ་ (Zoe Bedford) ལགས། ཨོ་སི་ཀྲོ་ལི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་བཅས་མཉམ་ཞུགས་ཀྱིས་མ་འོངས་པར་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། དེ་བཞིན་དོན་གཅོད་མཆོག་ནས་བོད་ཀྱི་གནད་དོན་ཐད་གོ་རྟོགས་དང་རྒྱུས་མངའ་ཡོང་ཆེད་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག་བཞུགས་སྒར་དུ་འཚམས་གཟིགས་བཅར་རྒྱུའི་ལས་རིམ་སྐོར་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་འབྱུང་འགྱུར་ཨོ་གླིང་ནང་ཕེབས་ཐུབ་ཚེ། དབུས་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་མདུན་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་གསན་ཞུ་རྒྱུའི་གོ་སྐབས་ཡོང་ཐབས་བཅས་ཀྱི་ཐོག་བཀའ་བསྡུར་གནང་འདུག་པ་དང་། སྐབས་དེར་ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་འབྱུང་འགྱུར་རྒྱ་ནག་གི་གནད་དོན་ཤོད་སྐབས། བོད་ཀྱི་གནད་དོན་འདི་ཉིད་གླེང་སློང་གནང་རྒྱུ་ཡིན་སྐོར་དང་།    གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཇེ་མང་དུ་གཏོང་རྒྱུའི་འབད་རྩོན་བྱ་རྒྱུ་ཡིན་སྐོར་སོགས་གསུངས་འདུག

ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ཡོད་ཅིང་། ད་ལྟའི་ཆར་གྲོས་ཚོགས་འཐུས་མི་གསུམ་ཐུན་མོང་གིས་ཚོགས་པའི་འགན་འཛིན་གནང་བཞིན་ཡོད་འདུག སྐབས་དེའི་ཚོགས་འདུར་གྲོས་ཚོགས་འཐུས་མི་གསར་པ་ཁག་ཅིག་ཀྱང་མཉམ་ཞུགས་གནང་བ་མ་ཟད། ཚོགས་འདུའི་ཐོག་གྲོས་ཚོགས་འཐུས་མིའི་ལས་བྱེད་རྣམས་ནས་ཐུགས་སྣང་ཆེན་པོ་གནང་ཡོད་འདུག

ད་རེས་ཀྱི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཚོགས་འདུ་གོ་སྒྲིག་གནང་མཁན་གཙོ་བོ་ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་ཝེ་རན་ ཨི་ཅ་ (Warren Entsch) མཆོག འགན་འཛིན་སྐུ་ཞབས་སུ་སན་ ཀྲེམ་པེ་ལི་མན་ (Susan Templeman) མཆོག འགན་འཛིན་ལྕམ་སྐུ་ཇེ་ནིཊ་ རེ་སི་ (Janet Rice) མཆོག་ཡིན་འདུག་པ་བཅས། །