ཨུ་དྷེ་སྤུར་མཚོ་གླིང་གྲོང་ཁྱེར་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་མར་མེའི་ཁྲོམ་སྐོར།

བདེན་པའི་མེ་ལྕེར་ཕེབས་བསུའི་མཛད་སྒོའི་སྐབས།བདེན་པའི་མེ་ལྕེར་ཕེབས་བསུའི་མཛད་སྒོའི་སྐབས།ཨུ་དྷེ་སྤུར་བོད་མིའི་སུད་ཚོང་སྐྱིད་སྡུག་གི་འཐུས་མིའི་ལྷན།ཨུ་དྷེ་སྤུར་བོད་མིའི་སུད་ཚོང་སྐྱིད་སྡུག་གི་འཐུས་མིའི་ལྷན།

ཨུ་དྷེ་སྤུར། ༢༠༡༢།༡༠།༠༩ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་ཁྲིད་པའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་སྣེ་ཁྲིད་འོག་ར་ཇ་སེ་ཐན་ (Rajasthan) མངའ་སྡེའི་ཇོཏ་སྤུར་ (Jodhpur) གྲོང་ཁྱེར་ནང་སྐོར་བསྐྱོད་ལེགས་པར་གྲུབ་སྟེ། ཟླ་ ༡༠ ཚེས་ ༦ ཕྱི་དྲོ་ཨུ་དྷེ་སྤུར་མཚོ་གླིང་གྲོང་ཁྱེར་ནང་འབྱོར་སྐབས། ས་གནས་བོད་མིའི་ཚོང་པའི་སྐྱིད་སྡུག་གི་འཐུས་མི་རྣམས་ཀྱི་ཕེབས་བསུ་སྣེ་ལེན་འོག་དགོང་དྲོ་ཆུ་ཚོད་ ༩ པའི་ཐོག་བོད་མིའི་ཁྲོམ་སར་འབྱོར། དེ་ཉིན་བོད་མི་མང་ཚོགས་ཚང་འཛོམས་སར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་ངོ་སྤྲོད་དང་། དེ་རྗེས་རང་ལུས་མེར་སྲེག་གནང་མཁན་གཙོ་གྱུར་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་གུས་བཏུད་སྐར་མ་གཅིག་ཞུས་པ་དང་། དེ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བདེན་པའི་མེ་ལྕེར་ཕེབས་བསུ་མཛད་སྒོ་གྲོལ།

གསར་འགོད་ལྷན་ཚོགས་སྐབས།གསར་འགོད་ལྷན་ཚོགས་སྐབས།སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་གསར་འགོད་པར་བོད་དོན་ངོ་སྤྲོད་གནང་བཞིན་པ།སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་གསར་འགོད་པར་བོད་དོན་ངོ་སྤྲོད་གནང་བཞིན་པ།

ཟླ་ ༡༠ ཚེས་ ༧ ཉིན་ཞོགས་པ་ཆུ་ཚོད་ ༡༡།༣༠ ཐོག་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་ཁང་ནང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་འཚོགས་པ་དང་། སྐབས་དེར་གསར་འགོད་པ་མང་པོ་ལྷན་བཞུགས་གནང་ཡོད་པའི་ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྤྱི་དང་ཡང་སྒོས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་གསར་འགོད་པར་ངོ་སྤྲོད་དང་། གསར་འགོད་པའི་དྲི་བར་ལན་འདེབས་སོགས་གནང་ཡོད་པ་མ་ཟད། བརྙན་འཕྲིན་དང་གསར་ཤོག་ནང་བོད་དོན་གནས་ཚུལ་རྒྱ་ཆེ་ཐོན་ཐུབ་པ་བྱུང་ཡོད།

Shanti Peet ཞེས་པའི་ཞི་བདེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ A. G. Trivedi མཆོག་གི་ལྷན།Shanti Peet ཞེས་པའི་ཞི་བདེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ A. G. Trivedi མཆོག་གི་ལྷན།མངའ་སྡེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Gulab Chand Kataria མཆོག་དང་སྦི་ཇེ་སྤི་ཚོགས་པའི་ཚོགས་མི་ཁག་ཅིག་གི་ལྷན།མངའ་སྡེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Gulab Chand Kataria མཆོག་དང་སྦི་ཇེ་སྤི་ཚོགས་པའི་ཚོགས་མི་ཁག་ཅིག་གི་ལྷན།

ཕྱི་ཚེས་ ༧ ཉིན་རྒྱབ་ཁུལ་འདིར་རྟེན་གཞིས་བྱས་པའི་ Shanti Peet ཞེས་པའི་ཞི་བདེ་ལྷན་ཚོགས་ཀྱི་ལས་ཁུངས་སུ་བཅར་ཏེ། ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ A. G. Trivedi མཆོག་མཇལ་འཕྲད་ཞུས་ཏེ། བོད་དོན་སྤྱི་དང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ངོ་སྤྲོད་ཞུས་པ་དང་། དགོང་དྲོ་ཆུ་ཚོད་ ༨ པའི་ཐོག་ (BJP) སྦི་ཇེ་སྤི་ཆབ་སྲིད་ཚོགས་པའི་ལས་ཁུངས་སུ་བཅར་ཏེ་ར་ཇ་སེ་ཐན་ Rajasthan མངའ་སྡེའི་ནང་སྲིད་བློན་ཆེན་ཟུར་པ་མངའ་སྡེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Gulab Chand Kataria མཆོག་དང་ཚོགས་པའི་ཚོགས་མི་ཁག་ཅིག་ལ་བོད་དོན་སྤྱི་དང་ད་རེས་ཀྱི་ལས་འགུལ་སྐོར་ངོ་སྤྲོད་ཞུས་པ་དང་། སྐུ་ཞབས་ Gulab Chand Kataria མཆོག་གིས་དབུས་ཚོགས་མི་རྣམས་ནས་རྒྱལ་ཚོགས་སུ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་ཡོད་པ་རེད།

མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Kiran Maheshwari མཆོག་གི་ལྷན།མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Kiran Maheshwari མཆོག་གི་ལྷན།མར་མེའི་ཁྲོམ་སྐོར་སྐབས།མར་མེའི་ཁྲོམ་སྐོར་སྐབས།

ཕྱི་ཚེས་ ༨ ཞོགས་པ་ཆུ་ཚོད་ ༨།༣༠ ཐོག་རྒྱ་གར་སྦི་ཇེ་སྤི་ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་ར་ཇ་སེ་ཐན་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Kiran Maheshwari མཇལ་འཕྲད་ཞུས་ཏེ་བོད་དོན་སྤྱི་དང་། ལྷག་པར་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་རང་ལུས་མེར་སྲེག་སྐོར་ངོ་སྤྲོད་ཞུས་པར་ལྕམ་སྐུ་ Kiran Maheshwari མཆོག་ནས་བོད་མིར་གདུང་སེམས་བསྐྱེད་ཀྱི་རྣམ་པ་ཤུགས་ཆེ་བསྟན་གནང་བ་དང་བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་ཡོད་པ་རེད།
ཕྱི་ཚེས་ ༨ དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་ཨུ་དྷེ་སྤུར་གྲོང་ཁྱེར་གྱི་ (Samore Bagh) ས་མོར་སྦག་ནང་ཡོད་པའི་བོད་མིའི་ཁྲོམ་ས་ནས་ (Gulab Bagh) སྒུ་ལབ་སྦག་གླིང་ཁའི་ནང་ཡོད་པའི་མེས་པོ་དམ་གྷན་རྡིའི་སྐུ་བརྙན་བར་མར་མེའི་ཁྲོམ་སྐོར་བྱས་པར། ཁུལ་འདིའི་ནང་ཡོད་པའི་བོད་མི་བརྒྱ་སྐོར་དང་། རྒྱ་གར་ཡུལ་མི་ཁག་གཅིག་བཅས་ནས་ལས་འགུལ་ནང་ལྷན་བཞུགས་གནང་ཡོད་པ་རེད། ལས་འགུལ་གྱི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལེན་པ་དང་། དེ་རྗེས་ལས་འགུལ་དངོས་སུ་འགོ་འཛུགས་ཞུས། ཁྲོམ་སྐོར་སྐབས་རྒྱ་གར་ས་གནས་མང་ཚོགས་ལ་ཨིན་ཇི་དང་ཧིན་རྡི་སྐད་ཡིག་ཐོག་བོད་དོན་ཡིག་ཆ་འགྲེམས་སྤེལ་རྒྱ་ཆེ་ཞུས་ཡོད་པ་རེད།

མར་མེའི་ཁྲོམ་སྐོར་སྐབས།མར་མེའི་ཁྲོམ་སྐོར་སྐབས།མར་མེའི་ཁྲོམ་སྐོར་སྐབས།མར་མེའི་ཁྲོམ་སྐོར་སྐབས།

བྱང་ཆུབ་སེམས་མཆོག་རིན་པོ་ཆེ་འདོན་བཞིན་ལས་འགུལ་བ་རྣམས་གྷན་རྡིའི་སྐུ་བརྙན་མདུན་འབྱོར་སྐབས་དང་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། དེ་རྗེས་ Shanti Peet ཞེས་པའི་ཞི་བདེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ A. G. Trivedi མཆོག་ནས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་སྐབས། མེས་པོ་དམ་པ་གྷན་རྡིའི་སྐུ་བརྙན་མདུན་ལས་འགུལ་སྤེལ་བར་སྔགས་བརྗོད་དང་ཉིན་གཅིག་བདེན་པའི་མཐའ་སེལ་ཏེ་བོད་ལ་སྐྱིད་པའི་ཉི་མ་ཤར་རྒྱུ་ཡིན་པ་དང་། བོད་མིའི་བདེན་པ་དང་དྲང་བདེན་གྱི་འཐབ་རྩོད་ལ་རྒྱ་གར་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་སྐོར་སོགས་བཀའ་གནང་ཡོད་པ་རེད། སྐབས་དེར་ད་དུང་ཁུལ་དེའི་བགྲེས་སོང་མི་སྣ་མང་པོས་ལས་འགུལ་ལ་སྔགས་བརྗོད་དང་། བོད་དོན་རྒྱབ་སྐྱོར་གྱི་འབོད་ཚིག་སྒྲོགས་པ་མ་ཟད། བོད་དོན་ཞུ་སྙན་སྟེང་མཚན་རྟགས་ཀྱང་གནང་བ་དང་ལྷག་པར་བགྲེས་སོང་གཉིས་ནས་གཏམ་བཤད་གནང་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་ཆེ་བསྟོད་ཞུས་པས་མ་ཟད། བོད་མིའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་སྟེ། ༸གོང་ས་མཆོག་དབུ་ཁྲིད་འོག་བོད་མི་རྣམས་རང་ཡུལ་དུ་ལོག་ཐུབ་པའི་རྒྱལ་ཁའི་ཉིན་མ་ཡོང་རྒྱུ་ཡིན་པ་སོགས་ཀྱི་གཏམ་བཤད་ཀྱང་གནང་ཡོད་པ་རེད།
དེ་རྗེས་སྤྱི་འཐུས་ཀརྨ་ཡེ་ལགས་ནས་ལས་འགུལ་ནང་ལྷན་བཞུགས་གནང་མཁན་རྒྱ་གར་བ་ཚོ་དང་། ལྷག་པར་བོད་དོན་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་རྗེས། བདེན་ཚིག་སྨོན་ལམ་འུར་འདོན་དང་། ༸གོང་ས་མཆོག་སྐུ་ཚེ་ཀྲི་ལོར་བརྟན་པ་དང་། བོད་རྒྱལ་གྱུར་ཅིག འཕགས་བོད་མཛའ་མཐུན་རྒྱལ་གྱུར་ཅིག་ཅེས་པའི་འབོད་ཚིག་སྒྲོགས་ཏེ་ལས་འགུལ་རྒྱལ་ཁའི་ངང་མཇུག་སྒྲིལ་བྱུང་ཡོད་པ་རེད། ད་རེས་ཨུ་དྷེ་སྤུར་གྱི་ལས་འགུལ་ནང་ཁུལ་འདིའི་བོད་མིའི་སུད་ཚོང་སྐྱིད་སྡུག་ནས་འགན་འཁུར་གཙོ་བཞེས་གནང་ཡོད་པ་རེད། ཕྱི་ཚེས་ ༩ ཉིན་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཨུ་དྷེ་སྤུར་ནས་ཐོན་ཏེ་རྒྱ་གར་སྒུ་ཇུ་ར་ཐ་ (Gujarat) མངའ་སྡེའི་གྲོང་ཁྱེར་སྦ་རོ་ཊ་ (Baroda) ཕྱོགས་སུ་ཐོན་ཏེ་ཁུལ་དེའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་རྒྱུ་ཡིན་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།