ཨིན་ལན་ཊི་རྒྱལ་ཁབ་ནང་བོད་དོན་ཞུ་གཏུག་གི་གནས་ཚུལ་སྙིང་བསྡུས།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(ICT) གི་མཐུན་འགྱུར་འོག་ལས་འགུལ་ཁང་དང་འབྲེལ་ཡོད་ཨིན་ལན་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་མཛད་རིམ་གོ་སྒྲིག་གནང་བ་གཞིར་བཟུང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་ཞུ་གཏུག་ཚོགས་ཆུང་གིས་ཕྱི་ལོ་༢༠༡༣ ཟླ་༡༡ ཚེས་༡༨ ནས་༢༥ བར་ཨིན་ལན་གྱི་རྒྱལ་ས་ལོན་ཊོན་London ནང་ཞུ་གཏུག་གི་ལས་དོན་སྤེལ་ཡོད་འདུག ཞུ་གཏུག་ཞུ་ཡུལ་གྱི་མི་སྣ་གཙོ་བོ་ཨིན་ལན་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་ལ་མཇལ་འཕྲད་དང་། དེ་བཞིན་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ལ་སྔ་ཕྱི་ཐེངས་གསུམ། རྒྱལ་སྤྱིའི་གནད་དོན་སྣེ་མང་ཞིབ་འཇུག་སློབ་སྟོན་ལྷན་ཚོགས་ཁང་Legatum Institute གི་ལས་སྣེ་ཚོགས་མི་༡༢ ཙམ་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་དང་ད་ལྟའི་བོད་ ནང་གི་ཛ་དྲག་གནས་སྟངས་སྙན་གསེང་དང་དྲི་བ་དྲིས་ལན་འཐུས་ཚང་ཞུས་པ་མ་ཟད། ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་ཚན་པའི་ལས་སྣེ་ཁག་ལ་མཇལ་འཕྲད་ཀྱིས་ད་ལྟའི་བོད་ ནང་གི་ཛ་དྲག་གནད་དོན་དང་བོད་ཐོག་འཛིན་པའི་སྲིད་བྱུས་ཐོག་གོ་བསྡུར་ཞིབ་ལྷུག་ ཞུས་པ་དང་། བོད་དོན་དང་འབྲེལ་བའི་བགྲོ་གླེང་ཁག་ཅིག་དང་ས་གནས་བོད་རིགས་མི་མང་ལ་གཏམ་བཤད་ བཅས་ཞུ་སྒོ་མཐའ་དག་གང་ཐུབ་ཞུས་ཡོད་འདུག

ཨིན་ ཡུལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་གཙོས་དབུས་ཞུ་གཏུག་ཞུ་ཡུལ་སྤྱི་སྒེར་ཚང་མས་ ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་འཚབ་ཆེན་ པོས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བཏོན་པ་དང་། དབུ་མའི་ལམ་གྱི་སྲིད་ཇུས་དང་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་རྒྱའི་ དཀའ་ངལ་སེལ་ཐབས་ལ་རྒྱབ་སྐྱོར་དང་རོགས་འདེགས་ཀྱི་རྣམ་པ་གསལ་བོར་བསྟན་ཡོད་ འདུག ཟླ་འདིའི་ཚེས་༢༥ ཉིན་ཐེངས་འདིའི་ཞུ་གཏུག་གི་མཛད་འཆར་ཡོངས་སུ་གྲུབ་སྟེ་རྒྱ་གར་དུ་ཕེབས་ཡོད་ པའི་གནས་ཚུལ་སྙིང་བསྡུས་སོ།།