ཨིན་ཡུལ་རྒྱལ་མོ་ཨེ་ལི་ཛ་བྷེ་ཐེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐུགས་གསོ་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༨ ཉིན་ཨིན་ཡུལ་རྒྱལ་མོ་ཨེ་ལི་ཛ་བྷེ་ཐེ་ (Queen Elizabeth II) མཆོག་དགུང་གྲངས་ ༩༦ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་སྲས་དང་། ནང་མི་ལྷན་རྒྱས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

དམ་པ་ཁོང་གི་སྲས་རྒྱལ་པོ་ཅར་ལེ་སི་ (King Charles III) མཆོག་གིས་གཙོས་ནང་མི་ལྷན་རྒྱས་ལ་ཕུལ་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། ཨིན་ཡུལ་རྒྱལ་མོ་ཨེ་ལི་ཛ་བྷེ་ཐེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཁྱེད་ནང་མི་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་དང་། དཀའ་ཚེགས་ཆེ་བའི་དུས་ཚོད་འདིར་འཛམ་གླིང་གང་སར་གནས་པའི་བོད་མི་རྣམས་ནས་ཨིན་ཡུལ་མི་མང་མཉམ་དུ་སྨོན་ལམ་དང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ལྕམ་སྐུ་ཁོང་ནི་ཉེ་རབས་ལོ་རྒྱུས་ཐོག་རྒྱལ་སྲིད་ལོ་རྒྱུས་རིང་ཤོས་སྐྱོང་མཁན་གྱི་གྲས་ཤིག་ཆགས་ཀྱི་ཡོད་ཅིང་། ཁོང་གི་བཞག་པའི་མཛད་རྗེས་རྣམས་ཚང་མས་རྟག་ཏུ་དྲན་ངེས་ཡིན།

རྒྱལ་མོ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་དེས་གྱོང་གུད་ཆེན་པོ་ཕོག་ཡོད་པ་དང་། ཁོང་འཚོ་བཞུགས་སྐབས་བསྐྱངས་པའི་མཛད་འཕྲིན་རྣམས་མི་རབས་གཞོན་པ་ཚོས་མིག་དཔེར་བལྟ་ངེས་ཡིན་ཞེས་འཁོད་འདུག