ཨི་ཊ་ལཱིའི་རྒྱལ་ས་རོམ་དུ་བོད་མི་དང་ཡུ་རོབ་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པ་སྲུང་བརྩི་གཟབ་རྒྱས་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་༡༠ ཉིན་ཨི་ཊ་ལཱི་བོད་རིགས་ཚོགས་པ་གཙོས་ཡུ་རོབ་བོད་རིགས་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག་ཨི་ཊ་ལཱིའི་རྒྱལ་ས་རོམ་དུ་བོད་མི་དང་ཡུ་རོབ་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་འགོ་བརྗོད་འོག་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པ་སྲུང་བརྩི་གཟབ་རྒྱས་ཞུས་ཏེ་ཞི་བའི་གོམ་བགྲོད་གནང་ཡོད།

དེ་ཡང་དུས་དྲན་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས།  བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། ཕ་རཱན་སིའི་གྲོས་ཚོགས་གོང་མིའི་འཐུས་མི་ལྕམ་སྐུ་ཨེལ་སེ་ཇོ་སེ་ཕི་ (Else Joseph) ལགས། ཨི་ཊ་ལཱིའི་གྲོས་ཚོགས་གོང་མའི་འཐུས་མི་ཨན་ཌི་རེ་ (Andrea de Priamo) ལགས། ཨི་ཊ་ལཱིའི་གྲོས་ཚོགས་འོག་མའི་འཐུས་མི་མཱ་ལ་ཝ་སི་ (llenio Malavasi) ལགས། དེ་བཞིན་ཨི་ཊ་ལཱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སོགས་མཉམ་ཞུགས་ཀྱིས་བོད་དོན་སྐོར་གསུང་བཤད་གནང་ཡོད།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་ཏེ་བོད་ཀྱི་དགོན་སྡེ་ཁག་ ༦༠༠༠ ལྷག་གཏོར་བཤིག་བཏང་བ་མ་ཟད། དེང་སྐབས་བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱས་དང་བྱེད་བཞིན་པ་སོགས་ཀྱི་སྐོར་དང་། བོད་ནང་བོད་མི་གྲངས་ ༡༥༧ གྱིས་ཅིའི་ཕྱིར་རང་ལུས་ལེར་མེར་སྲེག་བཏང་བ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།

སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད། ཕ་རཱན་སིའི་གྲོས་ཚོགས་གོང་མིའི་འཐུས་མི་ལྕམ་སྐུ་ཨེལ་སེ་ཇོ་སེ་ཕི་ (Else Joseph) ལགས་ཀྱིས། ཕ་རཱན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་མུ་མཐུད་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས།

ཨི་ཊ་ལཱིའི་གྲོས་ཚོགས་གོང་མའི་འཐུས་མི་ཨན་ཌི་རེ་ (Andrea de Priamo) ལགས་ཀྱིས་ཨི་ཊ་ལཱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་པའི་ངོས་ནས་མུ་མཐུད་བོད་དོན་སླད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་མ་ཟད། བོད་དོན་ཆེད་དུ་གྲོས་ཆོད་ཅིག་འཇོག་ཐབས་སུ་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས། དེ་བཞིན་ཨི་ཊ་ལཱིའི་གྲོས་ཚོགས་འོག་མའི་འཐུས་མི་མཱ་ལ་ཝ་སི་ (llenio Malavasi) ལགས་ཀྱིས་མུ་མཐུད་བོད་དོན་སླད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་ཡོད།གཞན་ཡང་རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་སྐུ་ཞབས་མ་ཡི་ཀེལ་ཝན་ཝལཊ་ཝན་པ་རག་ (Michael Van Walt Praag) ལགས་དང་། ཨི་ཊ་ལཱིའི་གྲོས་ཚོགས་འཐུས་མི་ཟུར་པ་ནོ་བྷི་ལི་ (Luciano Nobili) ལགས། ཨི་ཊ་ལཱིའི་ནང་བསྟན་མཐུན་ཚོགས་ཀྱི་འགན་འཛིན་ཕི་ལི་པོ་ (Fillippo Scianna) ལགས། བླ་མ་ཙོང་ཁ་པའི་ཆོས་ཚོགས་ཀྱི་ཝ་ལེ་རིའོ་(Valerio talario) ལགས་བཅས་ནས་ཀྱང་བོད་དོན་སྐོར་གསུང་བཤད་གནང་ཡོད་པ་བཅས།།