ཨ་རིའི་སྲིད་འཛིན་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་ (Donald Trump) མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act of 2020) ཐོག་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྲིད་འཛིན་མཆོག་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་ནང་འཁོད་དོན།  ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act of 2020) དེ་བཞིན་ད་ཆ་ཨ་རིའི་གཞུང་གི་སྲིད་བྱུས་ཤིག་ཏུ་བསྒྱུར་ཡོད་ཅིང་། དེའི་ནང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཐག་གཅོད་བྱ་རྒྱུའི་འགན་དབང་ནི་མགོན་པོ་གང་ཉིད་མཆོག་དང་། བོད་མི་ཚོར་ཡོད་པ་ལས་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་དབང་མེད་སྐོར་དང་། དེ་བཞིན་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་ཆེན་རང་བཞིན་དང་། གནམ་གཤིས་འགྱུར་ལྡོག་གིས་བོད་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་ངོས་འཛིན་གནང་བའི་ཐོག་ཨ་རིའི་གཞུང་གིས་བོད་ཀྱི་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་དང་། གནམ་གཤིས་འགྱུར་ལྡོག་ལ་སོགས་བོད་ཀྱི་ཁོར་ཡུག་སྤྱི་ལ་ལྟ་རྟོགས་ནན་མོ་དང་སྲུང་སྐྱོབ་བྱ་རྒྱུ་ཡིན་པ། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ཁང་འཛུགས་རྒྱུའི་ཆོག་མཆན་མ་གནང་བར་དུ་ཨ་རིའི་གཞུང་གི་ངོས་ནས་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ཁང་གསར་པ་འཛུགས་རྒྱུའི་ཆོག་མཆན་གནང་མི་ཆོག་པ། ཨ་རིའི་བཟོ་ཚོང་ཁང་དང་། མི་སེར་སྒེར་པ་བཅས་ནས་རྒྱལ་ཚོགས་ཀྱིས་ཚོང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ལམ་སྟོན་གནང་བ་ཁག་སྲུང་བརྩི་ཞུས་པའི་ཐོག་ནས་བོད་ནང་ཚོང་ལས་གཉེར་དགོས་པ་སོགས་འཁོད་ཡོད་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་འཁྲིད་དང་། མགོན་པོ་མཆོག་གི་དབུ་འཁྲིད་འོག་བཙན་བྱོལ་ནང་མང་གཙོ་ཚད་ལྡན་ལག་བསྟར་གནང་བ། བོད་མི་ཚོས་མང་གཙོའི་ལམ་སྲོལ་མུ་མཐུད་རྒྱུན་འཁྱོངས་གནང་བཞིན་ཡོད་པར་བསྔགས་བརྗོད་གནང་ཡོད། གཞན་ཡང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ལ་འགྲོ་གྲོན་ཆེད་རོགས་དངུལ་བཀའ་འཁྲོལ་བཅས་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

རྒྱ་དམར་གཞུང་གིས་འཛམ་གླིང་ནང་ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ནས་མགོ་སྐོར་བསླུ་བྲིད་བྱས་དང་བྱེད་བཞིན་ཡོད། ཉེ་བའི་ཆར་རྒྱ་དམར་གཞུང་གིས་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་སྐོར་ལ་འཛམ་གླིང་ནང་མགོ་སྐོར་ཆེན་པོ་བཏང་ཡོད། དེས་རྐྱེན་པས་ད་ཆ་ཏོག་དབྱིབས་ནད་ཡམས་འཛམ་གླིང་གང་སར་ཁྱབ་སྟེ་མི་མང་ས་ཡ་མང་པོའི་ཚེ་སྲོག་འཕྲོག་ནས་ཕྱོགས་ཡོངས་ལ་གྱོང་གུད་ཆེན་པོ་ཕོག་ཡོད། དེའི་འགན་འཁྲི་ཡོངས་རྫོགས་རྒྱ་དམར་གཞུང་ནས་ཁུར་དགོས་པ་མ་ཟད། ཉེས་པ་ཡང་ཁུར་དགོས། འཛམ་གླིང་མི་མང་ལ་སྡུག་བསྔལ་ཚད་མེད་བཟོས་པའི་རྒྱ་གཞུང་གི་བྱ་སྤྱོད་དེ་དག་ལ་སྐུ་ཉིད་ནས་གདོང་ལེན་གནང་བར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཁྲིམས་འཆར་དེར་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བ་དེ་ནི་བོད་མི་ཚོར་མཚོན་ན་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་དང་། ཨ་རིའི་གཞུང་ནི་སྨྲ་གཅོད་རང་དབང་མེད་པ་དང་། དཀའ་སྡུག་འོག་ཡོད་པའི་མི་རིགས་དང་མཉམ་དུ་ཡོད་པ་གསལ་པོ་བསྟན་པ་དེས། བོད་མི་སྤྱི་དང་། ལྷག་པར་དུ་བོད་ནང་ཡོད་པའི་ང་ཚོའི་སྤུན་ཟླ་རྣམ་པ། འཛམ་གླིང་ནང་གདུག་སྦྱོང་མནར་གཅོད་མྱོང་བཞིན་པའི་མི་རིགས་རྣམས་བཅས་ཚང་མ་དགའ་འོས་པ་ཞིག་ཆགས་ཡོད་པ་མ་ཟད། ང་ཚོ་ཚང་མར་རེ་བ་ཆེན་པོ་སྤྲད་ཡོད།  དེ་བཞིན་རྒྱ་དམར་གཞུང་ལ་ཨ་རིའི་གཞུང་གིས་འགྲོ་བ་མིའི་རིན་ཐང་ནི་གལ་གནད་ཆེ་ཤོས་སུ་བརྩི་ཡི་ཡོད་པའི་བརྡ་ལན་ཤུགས་ཆེན་ཞིག་སྤྲད་པ་ཙམ་མ་ཟད། འཛམ་གླིང་ནང་རྒྱ་དམར་གཞུང་གིས་བོད་དོན་དང་འབྲེལ་བའི་དྲིལ་བསྒྲགས་རྫུན་མ་སྤེལ་རྒྱུ་མཚམས་འཇོག་དགོས་པའི་གནོན་ཤུགས་ཀྱང་སྤྲོད་ཀྱི་ཡོད། ཁྲིམས་འཆར་དེས་རྒྱ་དམར་གཞུང་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་ཞིང་། རྒྱ་དམར་གཞུང་གིས་ཕྱི་རྒྱལ་བ་དང་། ལྷག་པར་དུ་རྒྱལ་སྤྱིའི་གསར་འགོད་པ་རྣམ་པ་བོད་ནང་ཡོང་རྒྱུར་བཀག་འགོག་བྱས་ཏེ་རྒྱ་དམར་གཞུང་གིས་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་། དམར་གསོད། བཙན་དབང་ཐོག་འཇུ་བཟུང་བཀག་གཉར་སོགས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་ཚུལ་རྣམས་སྤེལ་རྒྱུའི་ཐོག་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་དམ་བསྒྲགས་བྱས་དང་བྱེད་བཞིན་ཡོད།

ཨ་རི་ནི་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཡོང་རྒྱུར་རོགས་རམ་གནང་མཁན་གྱི་རྒྱལ་ཁབ་ཐོག་མའི་གྲས་ཤིག་སྟེ། ཕྱི་ལོ་ ༡༩༧༩ ལོ་ནས་འགོ་འཛུགས་ཏེ་མུ་མཐུད་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་གདན་ཞུ་དང་། ཕྱི་ལོ་ ༡༩༩༠ ནང་ཨ་རིར་བོད་མི་གནས་སྤོ་བྱེད་རྒྱུའི་ལས་གཞི། བོད་དོན་སྲིད་བྱུས་ཕྱི་ལོ་ ༢༠༠༢ (Tibet Policy Act of 2002) དང་། བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས། ཉེ་ཆར་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་བཅས་གཏན་འབེབས་གནང་ཡོད། དེ་བཞིན་ཨ་རིའི་སྲིད་འཛིན་རིམ་པས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་ཡོད་པ་དང་། སྐུ་ཉིད་ནས་སྲིད་འཛིན་གནང་བའི་རིང་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་གྲས་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་ཤོས་གཏོང་མཁན་གྱི་རྒྱལ་ཁབ་རྒྱ་ནག་ལ་གདོང་ལེན་དེ་ལྟ་བུ་གནང་རྒྱུའི་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་ཚོ་བོད་མི་ཡོངས་ནས་སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྐུ་ཉིད་ནས་བོད་ལ་བདེན་མཐའ་མ་གསལ་བར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་ བཅས། །