ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་སྐུ་ཞབས་ཨེ་ནེ་སི་ཀེན་ཊར་ལགས་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐུགས་རྗེ་ཆེ་ཞུས་གནང་བ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༩ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། བྷོ་ས་ཊོན་སལ་ཊིག་ (Boston Celtics) རུ་ཁག་ནས་ཡིན་པ་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་སྐུ་ཞབས་ཨེ་ནེ་སི་ཀེན་ཊར་ (Enes Kanter) ལགས་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཆབས་ཅིག་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་གནང་འདུག

དེ་ཡང་ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་ནང་འཁོད་དོན། ཁྱེད་ཀྱིས་བདེན་པའི་ཕྱོགས་ལ་རྒྱབ་སྐྱོར་གནང་བ་དེར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེས་ང་ཚོ་ཚང་མ་དགའ་ཚོར་ཆེན་པོ་བྱུང་། རྒྱལ་སྤྱིའི་ཐོག་བོད་ཀྱི་དངོས་ཡོད་གནས་ཚུལ་གླེང་སློང་གནང་བ་དེས་ཁྱེད་ནི་རྒྱུན་དུ་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མཚོན་ཐུབ།

རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ལ་ཁྲིམས་འགལ་བཙན་བཟུང་བྱས་པ་ནས་བཟུང་། བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་འཕྲོག་པ་མ་ཟད། བོད་མི་སྟོང་ཕྲག་མང་པོ་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་སྟེ་ངལ་རྩོལ་བྱེད་དུ་འཇུག་པ་དང་། བཙན་གྱིས་བསམ་བློ་བསྒྱུར་ཐབས་བྱེད་འཇུག་གི་ཡོད། དེ་བཞིན་བོད་ཀྱི་ས་གནས་གང་སར་སོ་ལྟའི་པར་ཆས་བཙུགས་ནས་བོད་མི་རྣམས་དངངས་སྐྲག་དང་འཇིགས་སྣང་འོག་འཚོ་བ་སྐྱེལ་དགོས་པ་ཆགས་ཀྱི་ཡོད།

ཉེ་ལམ་ཤར་ཏུར་ཀི་སི་ཐན་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཇུན་ཀྲིན་ (Wang Junzheng) རྒྱ་ནག་དམར་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་གཞག་བྱས་པ་དེས། བོད་མི་རྣམས་ལ་སྔར་ལྷག་དམ་བསྒྲགས་དང་དྲག་གནོན་བྱེད་རྒྱུ་ཡིན་པ་གསལ་པོ་རེད།

བོད་མི་རྣམས་བོད་ནང་མུ་མཐུད་རྒྱ་ནག་དམར་གཞུང་འོག་མི་སྤྱོད་ལས་འདས་པའི་སྡུག་པོ་མྱོང་བཞིན་པའི་སྐབས་འདིར། གཞིས་བཞུགས་སྤུན་ཟླ་ཚོའི་ཚབ་ཏུ་རྒྱབ་སྐྱོར་གྱི་བདེན་པའི་གནས་ཚུལ་གསུངས་པ་ཚང་མ་ང་ཚོས་ཧ་ཅང་གི་གལ་ཆེན་པོར་ངོས་འཛིན་ཞུ་གི་ཡོད་པ་དང་། དེ་བཞིན་འགྲོ་བ་མིའི་རིགས་ཚང་མས་ངག་མེད་ཀྱི་མགྲིན་ཚབ་གནང་རྒྱུའི་འབོད་སྐུལ་ཡང་ཞུ་གི་ཡོད། བྱས་ཙང་ཁྱེད་ཀྱིས་བདེན་པའི་ཕྱོགས་ལ་ལངས་ནས་བོད་དོན་གླེང་སློང་གནང་བ་དེས་ཁོང་རྣམས་ལ་རེ་བ་གསར་པ་ཞིག་སྤྲད་ཀྱི་ཡོད།

ཁྱེད་ཀྱིས་རྒྱབ་སྐྱོར་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས།།

ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ། ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག PDF