ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༨ ཉིན་རྒྱབ་ཆུ་ཚོད་ ༢།༤༠ ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) མཆོག་གིས་སྣེ་ཁྲིད་འོག ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་གཞུང་ཚབ་གཞོན་པ་ལྕམ་སྐུ་པེ་ཊི་རི་སི་ཡ་  ལཱ་སི་ན་ (Chargé d’Affaires Ms. Patricia Lacina) མཆོག་དང་། ཨ་རིའི་རོགས་ཚོགས་ (USAID) ཀྱི་འཛིན་སྐྱོང་ཕྱག་རོགས་གཞོན་པ་ལྕམ་སྐུ་ཨེན་ཇ་ལི་ ཀོར་ (Deputy Assistant Administrator Ms. Änjali Kaur) མཆོག་བཅས་ལས་གྲུབ་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད།

དེ་ཡང་ཐོག་མར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་བ་དང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་རེ་རེ་བཞིན་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ངོ་སྤྲོད་སྙིང་བསྡུས་ཞུས་གནང་རྗེས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་གནང་ཡོད།

མཇལ་འཕྲད་སྐབས། དཔལ་ལྡན་ཚོགས་གཙོ་མཆོག་གིས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དགའ་བསུའི་འཚམས་འདྲི་དང་སྦྲགས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བཞུགས་སྒར་དུ་ཕེབས་པ་དེས་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་སྐོར་སོགས་གསུངས་གནང་བ་དང་། ཕྱོགས་མཚུངས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་ཆབ་སྲིད་དང་། དཔལ་འབྱོར་གྱི་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། འབྱུང་འགྱུར་ཡང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་སོགས་ཞུས་གནང་བ་དང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འབྱུང་འགྱུར་ལས་འཆར་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་ངོ་སྤྲོད་གནང་རྗེས། ཕན་ཚུན་བོད་དོན་སྐོར་བཀའ་བསྡུར་ལྷུགས་པོ་གནང་སོང་།

མཐར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ལ་ཐུབ་དབང་སྐུ་དང་། ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་གཞུང་ཚབ་གཞོན་པ་ལྕམ་སྐུ་པེ་ཊི་རི་སི་ཡ་  ལཱ་སི་ན་ (Chargé d’Affaires Ms. Patricia Lacina) མཆོག་དང་། ཨ་རིའི་རོགས་ཚོགས་ (USAID) ཀྱི་འཛིན་སྐྱོང་ཕྱག་རོགས་གཞོན་པ་ལྕམ་སྐུ་ཨེན་ཇ་ལི་ ཀོར་ (Deputy Assistant Administrator Ms. Änjali Kaur) མཆོག་རྣམ་གཉིས་ལ་སྤྱན་རས་གཟིགས་ཀྱི་སྐུ་ཐང་། གཞན་ཕྱག་རོགས་ལས་བྱེད་ཡོངས་ལ་ལེགས་སྐྱེས་ཕྱག་རྟགས་ཕུལ་གནང་ཡོད་པ་བཅས། །