ཨ་རིའི་གཞུང་གིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་གནང་བར་དགའ་བསུའི་མཛད་སྒོ་ཞིག་ཚོགས་པའི་ཐོག་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་སྐུ་མགྲོན་དུ་གདན་ཞུས་གནང་བ།


༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༦ རེས་གཟའ་སྤེན་པའི་ཉིན་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་(Tibetan Policy and Support Act of 2020) ཨ་རིའི་གྲོས་ཚོགས་གོང་འོག་ནང་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབས་དང་། དེ་བཞིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཌི་ཊི་རམ་ཕི་མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བར་དགའ་བསུའི་མཛད་སྒོ་ཞིག་འཚོགས་གནང་སོང་།

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག གཞན་སྐུ་མགྲོན་དུ་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་ལྡན་བཀའ་བློན་རྣམ་པ། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ (Ajit Nehria) ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཨ་ཇེ་སིང་མོན་ཀོ་ཊི་ཡ་ (Ajay Singh Mankotia) ལགས། རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཨོན་ཀར་ནེ་རི་ཡ་ (Shri.Onkar Nehria,Deputy Mayor of Dharamshala Municipal Corporation) མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ་བ་ (Shri Ram Swaroop) ལགས་དང་། སློབ་སྟོན་པ་སྐུ་ཞབས་སུ་བ་ཤ་ནེ་རི་ཡ་ (Subhash Nehria) ལགས། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ། ཕྱི་ནང་གི་གསར་འགོད་པ། མི་མང་བཅས་འདུ་འཛོམས་གནང་ཕྱོགས་ཀྱི་སྒྲིག་གཞི་ལྟར་ཁྱོན་མི་གྲངས་ ༢༥༠ ཙམ་འདུ་འཛོམས་གནང་འདུག

མཛད་སྒོའི་ཐོག་མར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་བརྒྱུད་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་མའི་སྐུ་ཞིག་འབུལ་གནང་མཛད་རྗེས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཚེ་ལྷ་རྣམ་གསུམ་གྱི་ཞལ་ཐང་ཞིག་ཕུལ་རྗེས། རིམ་པས་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཆེ་བསྟོད་སྐུ་མགྲོན་དཔལ་ལྡན་ཚོགས་གཙོ་མཆོག་དང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག དཔལ་ལྡན་བཀའ་བློན་རྣམ་པ་བཅས་ལ་རྒྱ་གར་གྱི་ཡུལ་སྲོལ་ལྟར་ཧི་མ་ཅཱལ་སྲོལ་རྒྱུན་ཞྭ་མོ་དང་། གོས་གཟན་ (Shawl) བཅས་སོ་སོར་ཕུལ་གནང་སོང་།

སྐབས་དེའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཇི་ལྟར་ཨ་རིའི་གྲོས་ཚོགས་གོང་འོག་ནང་གཏན་འབེབས་གནང་ལུགས་དང་། ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་གཏན་འབེབས་ཇི་ལྟར་གནང་བའི་བརྒྱུད་རིམ་སྐོར་གསུངས་གནང་སོང་།

དེ་བཞིན་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་སུ་བ་ཤ་ནེ་རི་ཡ་ (Subhash Nehria) མཆོག་གིས་ད་རེས་ཨ་རིའི་གཞུང་གིས་ཁྲིམས་འཆར་གཏན་འབེབས་གནང་བ་དེས་བོད་མིའི་འཐབ་རྩོད་ཀྱི་ནུས་པ་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། རྒྱ་གར་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏ་རཏྣ་ (Bharat Ratna) འབུལ་དགོས་པའི་འབོད་སྐུལ་སོགས་གསུང་བཤད་དང་། སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ་ (Shri Ram Swaroop) མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སོང་།

གཞན་ཡང་སྐབས་དེར་གོར་ཁ་དང་། རྒྱ་གར་ས་གནས་ཀྱི་རིག་གཞུང་འཁྲབ་སྟོན་གནང་སོང་།

མཛད་སྒོ་གྲུབ་མཚམས་ཧིན་བོད་མཛའ་ཚོགས་ནས་སྐུ་མགྲོན་རྣམ་པར་གསོལ་ཇ་ཞལ་ཏོག་འདེགས་འབུལ་གནང་སྐབས། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པས་ལས་དོན་ལེགས་གྲུབ་གནང་བར་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་། ཚོགས་གཙོ་གསར་པས་ལས་ཁུར་བཞེས་གནང་བར་འཚམས་འདྲིའི་མཇལ་དར་བཅས་ཕུལ་གནང་ཡོད་པ་བཅས། །