ཨ་མེ་རྡ་སྦ་ཐ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་མར་མེ་ཁྲོམ་སྐོར།

 

ཨ་མེ་རྡ་སྦ་ཐ། ༢༠༡༢།༡༠།༡༣ རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་སྣེ་ཁྲིད་འོག་སྒུ་ཇུ་ར་ཐ་ (Gujarat) མངའ་སྡེའི་ཨ་མེ་རྡ་སྦ་ཐ་ (Amedabad) གྲོང་ཁྱེར་ནང་ཟླ་ ༡༠ ཚེས་ ༡༡ ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་འབྱོར་བ་དང་། སྐབས་དེར་བོད་མིའི་སུད་ཚོང་སྐྱིད་སྡུག་གི་འཐུས་མིས་བདེན་པའི་མེ་ལྕེར་མཇལ་དར་སྒྲོན་ཏེ་ཕེབས་བསུ་ཞུས་ཡོད་པ་རེད། དེ་ཡང་བདེན་པའི་མེ་ལྕེར་ཕེབས་བསུའི་མཛད་སྒོ་བོད་མིའི་ཁྲོམ་སར་འཚོགས་པ་དང་། དང་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་རྗེས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་ངག་བཅད་གུས་བཏུད་སྐར་མ་གཅིག་ཞུས་ཡོད་པ་རེད།

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་དོན་གཏམ་བཤད་གནང་བཞིན་པ།སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་དོན་གཏམ་བཤད་གནང་བཞིན་པ།

དེ་རྗེས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་གཞུང་ནས་བོད་ནང་ལག་བསྟར་བྱས་དང་བྱེད་བཞིན་པའི་དྲག་གནོན། བོད་ནང་བོད་མི་རྒྱལ་གཅེས་པ་ ༥༤ ཡིས་རང་ལུས་མེར་སྲེག་བཏང་བ་དང་བོད་མི་ ༤༤ འདས་གྲོངས་སུ་ཕྱིན་པའི་སྐོར་དང་། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་མང་ཚོགས་ལ་བོད་ཧིན་གཉིས་ཀྱི་སྐད་ཡིག་ཐོག་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་ནས་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་ སྤི་ ཇི་ ཇོ་ཏི་ཀར་ (P. G. Jyotikar) ལགས་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་བཤད་གནང་སྐབས། བོད་མི་ཚོས་འཐབ་རྩོད་མུ་མཐུད་བྱེད་ན་བོད་ལ་ཉིན་གཅིག་རང་དབང་ཐོབ་རྒྱུ་ཡིན་པ་ཐེ་ཚོམ་མེད་བཅས་གསུངས་བཤད་གནང་ཡོད་པ་རེད།

སྐུ་ཞབས་ P G Jyotikar ལགས་ནས་གསུང་བཤད་གནང་བཞིན་པ།སྐུ་ཞབས་ P G Jyotikar ལགས་ནས་གསུང་བཤད་གནང་བཞིན་པ།མར་མེའི་ཁྲོམ་སྐོར་སྐབས།མར་མེའི་ཁྲོམ་སྐོར་སྐབས།

གྷན་རྡི་ལྟེ་གནས་ཁང་གི་སྐུ་ཞབས་ རྡ་ཝེན་རྡ་ར་ པ་རེ་ཁེ་ (Davendra Parekh) ལགས་ལས་འགུལ་ནང་ལྷན་བཞུགས་གནང་བས་མ་ཟད། ཁོང་ནས་འཛམ་གླིང་འདིའི་སྟེང་དྲག་པོའི་སྟོབ་ཤུགས་ནམ་ཡང་གཏན་འཇགས་གནས་རྒྱུ་མེད་པ་དང་། བོད་ནང་རྒྱ་ནག་གི་བཙན་གནོན་འཕྲལ་མར་མཚམས་འཇོག་གིས་བོད་མི་ཚོ་རང་གི་ལུང་པའི་ནང་རང་དབང་ངང་གནས་རྒྱུ་ཡིན་སྐོར་སོགས་གསུང་བཤད་གནང་ཡོད་པ་རེད།

དེ་རྗེས་ཁྲིམས་རྩོད་པ་ན་གཞོན་སྐུ་ཞབས་ ན་རན་རྡ་ར་ སོ་ལན་ཀི་ (Narendra Solanki) ལགས་མཛད་སྒོའི་ནང་ལྷན་བཞུགས་དང་བོད་དོན་ཆེད་ངར་ཤུགས་ལྡན་པའི་གསུང་བཤད་གནང་བ་མ་ཟད། འཕགས་བོད་གཉིས་ཀྱི་གཞོན་སྐྱེས་བཟུང་འབྲེལ་ཐོག་བོད་དོན་འཐབ་རྩོད་ནུས་ཤུགས་ཆེ་རུ་གཏོང་རྒྱུར་ཁོང་གི་རྒྱབ་སྐྱོར་གནང་རྒྱུའི་ཁེས་ལན་ཡང་གནང་ཡོད་པ་རེད།

སྐུ་ཞབས་ Devendra Parekh ལགས་ནས་གསུང་བཤད་གནང་བཞིན་པ།སྐུ་ཞབས་ Devendra Parekh ལགས་ནས་གསུང་བཤད་གནང་བཞིན་པ།ཁྲིམ་རྩོད་པ་སྐུ་ཞབས་ Narendra Solanki ལགས་ནས་གསུང་བཤད་གནང་བཞིན་པ།ཁྲིམ་རྩོད་པ་སྐུ་ཞབས་ Narendra Solanki ལགས་ནས་གསུང་བཤད་གནང་བཞིན་པ།

མཐའ་བསྡོམས་སུ་བོད་དོན་ཞུ་སྙན་སྟེང་མཚན་རྟགས་གནང་བ་དང་། དེ་ནས་བདེན་ཚིག་སྨོན་ལམ་རྟ་དབྱངས་ངང་འུར་འདོན་གནང་སྟེ་བདེན་པའི་མེ་ལྕེར་ཕེབས་བསུའི་མཛད་སྒོ་མཇུག་སྒྲིལ་ཞུས་ཡོད་པ་རེད།

ཟླ་ ༡༠ ཚེས་ ༡༢ དགོང་དྲོ་ཆུ་ཚོད་ ༦།༣༠ ནས་ ༨།༠༠ བར་ཨ་མེ་རྡ་སྦ་ཐ་གྲོང་ཁྱེར་གྱི་ནབ་རང་སྤུ་རར་ (Navrangpura) ཆགས་པའི་བོད་མིའི་ཁྲོམ་ས་ནས་འགོ་འཛུགས་ཀྱིས་ཨ་ཤ་རམ་ Ashram གཞུང་ལམ་སྟེང་ཡོད་པའི་རྒྱ་གར་གྱི་མེས་པོ་དམ་པ་གྷན་རྡིའི་སྐུ་བརྙན་བར་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྣེ་ཁྲིད་དེ་བདེན་པའི་མེ་ལྕེས་སྔོན་བསུས་ཏེ་མར་མེའི་ཁྲོམ་སྐོར་གནང་བ་དང་། ཁྲོམ་སྐོར་གྱི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་དེ་ནས་རིམ་བཞིན་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་འདོན་བཞིན་གྲོང་ཁྱེར་ནང་ཁྲོམ་སྐོར་བྱས་པ་དང་། བདེན་པའི་མེ་ལྕེའི་ལས་འགུལ་སྐོར་ཨིན་ཡིག་དང་སྒུ་ཇ་ར་ཐའི་སྐད་ཡིག་ཐོག་ཡོད་པའི་ཡིག་ཆ་རྒྱ་ཆེ་འགྲེམས་སྤེལ་ཞུས་པར་རྒྱ་གར་མང་ཚོགས་ནས་དོ་སྣང་ཆེན་པོ་གནང་ཡོད་པ་རེད།

མར་མེའི་ཁྲོམ་སྐོར་སྐབས།མར་མེའི་ཁྲོམ་སྐོར་སྐབས།མར་མེའི་ཁྲོམ་སྐོར་སྐབས།མར་མེའི་ཁྲོམ་སྐོར་སྐབས།

མཐར་གྷན་རྡིའི་སྐུ་བརྙན་མདུན་སྐོར་འབྱོར་སྐབས་ “བོད་ལ་རང་དབང་དགོས།” “༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག” “བོད་ཀྱི་རང་དབང་རྒྱ་གར་གྱི་བདེ་འཇགས།” “འཕགས་བོད་མཛའ་འབྲེལ་རྒྱལ་གྱུར་ཅིག” ཅེས་འབོད་ཚིག་ཤུགས་ཆེ་སྒྲོགས་པ་དང་། ལྷག་པར་ལམ་འཛོམས་ཆེ་བའི་དབང་གིས་རྒྱ་གར་མང་ཚོགས་མང་པོའི་ཁྲོད་སེམས་འགུལ་ཡང་ཆེན་པོ་ཐེབས་ཐུབ་པ་བྱུང་ཡོད། མཐའ་བསྡོམས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་གྷན་རྡིའི་སྐུ་བརྙན་ལ་མཇལ་དར་སྒྲོན་འབུལ་དང་། དེ་རྗེས་བདེན་ཚིག་སྨོན་ལམ་རྟ་དབྱངས་དང་བཅས་འུར་འདོན་བྱས་ཏེ་ལས་འགུལ་མཇུག་སྒྲིལ་བྱུང་ཡོད་པ་རེད། ད་རེས་མར་མེའི་ཁྲོམ་སྐོར་ནང་མི་གྲངས་ ༡༠༠ ཙམ་ནས་མཉམ་བཞུགས་གནང་ཡོད་པའི་ཁྲོད་རྒྱ་གར་བ་སྐུ་ཞབས་ P. G. Jyotikar དང་། Davendra Parekh, Narendra Solanki ལགས་ཀྱིས་དབུས་གཞན་ཁག་གཅིག་བཅས་ནས་ལྷན་བཞུགས་གནང་ཡོད་པ་རེད། ད་རེས་ལས་འགུལ་འདིར་བོད་པའི་སློབ་མ་བསོད་ནམས་སྟོབས་རྒྱས་ལགས་དང་ཀརྨ་བཀྲ་ཤིས་ལགས། བོད་ཀྱི་སྨན་རྩིས་ཁང་ཡན་ལག་སྨན་ཁང་། བོད་མིའི་ཁྲོམ་སའི་སྐྱིད་སྡུག་བཅས་ནས་འགན་འཁུར་མཐུན་འགྱུར་གནང་ཡོད་པ་རེད།

ཕྱི་ཚེས་ ༡༣ ཉིན་བདེན་པའི་མེ་ལྕེ་སྒུ་ཇུ་ར་ཐ་མངའ་སྡེའི་རྒྱལ་ས་གྷན་རྡི་ན་སྒར་ཕྱོགས་སུ་ཐོན་ཡོད་པ་རེད།

བདེན་པའི་མེ་ལྕེ་འདེགས་བཞིན་པ།བདེན་པའི་མེ་ལྕེ་འདེགས་བཞིན་པ།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།