སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ གྱི་བདག་ཉིད་ཅན་གྱི་དཔེ་དེབ་དང་དྲ་རྒྱའི་ཚིག་མཛོད་ཆེན་མོའི་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་བཤད།

༄༅། །དེ་རིང་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་གཙོ་བོ་འགན་བཞེས་ཐོག བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་གཙོས་བོད་ཕྱི་ནང་གི་ཤེས་ཡོན་སྡེ་ཚན་ཁག་མང་པོ་དང་མཉམ་སྦྲེལ་གྱིས་དུས་ཡུན་མི་ལོ་ ༩ ལྷག་རིང་འབད་བརྩོན་ལྷོད་མེད་གནང་ནས་ད་ཆ་རྩོམ་སྒྲིག་ཚར་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ ལས་དོན་ལེགས་གྲུབ་བྱུང་བ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་སྔ་ནས་དངོས་སུ་དབུ་འབྱེད་མཛད་པའི་བསྐལ་བཟང་གི་དུས་ཚེས་ཉིན་མོར། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དབུས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པ་ལྷན་ཞུགས་ཐུབ་པ་བཅས་ནི་བོད་ཀྱི་ཤེས་རིག་དང་སྐད་ཡིག་གི་བྱུང་རབས་ལོ་རྒྱུས་ནང་དམིགས་བསལ་གྱི་དུས་ཚིགས་ཁྱད་པར་ཅན་ཞིག་ཆགས་ཡོད།

སྤྱིར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཏེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པས་དབུས་བོད་མི་སེར་སྐྱ་ཁྲི་ཚོ་མང་པོ་བཙན་བྱོལ་དུ་ཕེབས་དགོས་བྱུང་ནས་ལོ་ངོ་ ༦༣ འདས་ཟིན་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་འབྱོར་ཟིན་མ་ཐག ༸མགོན་པོ་གང་གི་རླབས་ཆེན་དགོངས་གཞི་ཁོངས་བོད་དོན་བདེན་མཐའ་གསལ་ཐབས་ཀྱིས་མཚོན། གཙོ་བོ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཟུར་འཛུགས་དང་། རིས་མེད་ཆོས་སྡེ་ཁག་གསར་འཛུགས་བསྐྱངས་ཤིང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག བཙན་བྱོལ་ནང་ཤེས་ཡོན་འདབ་གཤོག་གཉིས་ལྡན་གྱི་ན་གཞོན་མང་པོ་སྐྱེ་བསྲིང་དང་། ལོ་རྒྱུས་རང་བཞིན་ལྡན་པའི་བོད་མིའི་སྒྲིག་འཛུགས་འདི་ཉིད་ཆབ་སྲིད་ཀྱི་ལམ་ལུགས་དེང་དུས་འཛམ་གླིང་སྤྱི་སྲོལ་ལྟར་རང་དབང་མང་གཙོའི་ངོ་བོར་བསྒྱུར་གནང་མཛད་ཅིང་། ཕུགས་རྒྱང་རིང་པོར་བོད་ཀྱི་བདེ་དོན་འཐབ་རྩོད་དང་མི་རིགས་རིག་གཞུང་རྣམས་རྒྱུན་གནས་ཐུབ་པར་མཛད་ཡོད།

བོད་ནང་ལྟ་བུ་མཚོན་ན་ལོ་རབས་བདུན་ཅུའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དངོས་ཡོད་དུས་བསྟུན་ལ་གཟིགས་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཆེད་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱུང་རྗེས། བོད་ནང་ཅུང་སྲིད་བྱུས་གུ་ཡངས་དང་། གཞིས་བྱེས་གཉིས་ཕན་ཚུན་འགྲོ་འོང་གི་དུས་སྐབས་ཤིག་བྱུང་བ་མ་ཟད། ཡོངས་གྲགས་ལྟར་གཞིས་སུ་བཞུགས་པ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་དབུས་སྐྱེས་ཆེན་རྣམ་པ་དང་། མཁས་དབང་མང་པོས་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་ནང་གསལ་ཁག་ལག་བསྟར་དགོས་པ་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་སྐུ་ངལ་འཛེམས་མེད་བསྐྱོན་པའི་གྲུབ་འབྲས་ལ། བོད་ནང་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་སྲིད་བྱུས་ཅུང་ལྷུག་ཏུ་སོང་བས། བོད་མི་རིགས་དང་རིག་གཞུང་ལ་ལ་ཞེན་ཅན་དུ་མས་རླུང་ཁྲོད་ཀྱི་མར་མེ་བཞིན་ཆགས་འཇིག་གི་གནས་ནས་གང་ལ་གང་འཚམས་ཀྱི་ཉམས་པ་སོར་ཆུད་ལྟ་བུ་བྱུང་ཡོད་ནའང། དེ་ལྟའི་ལོ་ཟླ་རྒྱུན་རིང་པོ་གནས་མ་ཐུབ་པར་སླར་ཡང་བོད་ནང་སྔར་བཞིན་སྡུག་རྩུབ་ཀྱི་སྲིད་བྱུས་མུ་མཐུད་ལག་བསྟར་དང་། ལྷག་དོན་ཉེ་བའི་ལོ་རབས་ནང་བོད་དུ་རིག་གནས་གསར་བརྗེ་གཉིས་པ་བསྐྱར་ལོག་གི་ཚ་རླབས་འཁྲོད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་ཟེར་བའི་སྲིད་བྱུས་འོག སློབ་གྲྭ་ཁག་དང་། ཞིང་འབྲོག་མི་མང་རྣམས་ལ་སྤྱི་སྐད་ཅེས་ཧན་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་དུ་འཇུག་པ་མ་ཟད། བོད་མིའི་སྒེར་གཉེར་སློབ་གྲྭ་ཁག་སྒོ་རྒྱབ་བཅུགས་པ་དང་། བོད་ཡིག་སློབ་ཁྲིད་ཟུར་དུ་བྱེད་མི་ཆོག་པ་མངོན་སུམ་འཛེམས་མེད་ཀྱིས་བཙན་བཀའ་གཏོང་བཞིན་པ་བཅས་ཆེས་ཛ་དྲག་གི་གནས་སུ་གྱུར་ཡོད།

བོད་ནང་གི་དེ་འདྲའི་གནས་སྟངས་ཛ་དྲག་དང་། ཆེས་མྱུར་བའི་དུས་ཀྱི་འགྱུར་བགྲོད་འདིའི་ནང་བོད་ཀྱི་སྐད་ཡིག་ཐོག་ནུས་ཤུགས་འཕར་མ་ཞིག་བཏོན་མ་ཐུབ་ན་འབྱུང་གྱུར་ལོ་བཅུ་ཕྲག་འགའ་ཤས་ནང་བོད་ཀྱི་སྐད་ཡིག་བེད་སྤྱོད་མེད་པ་གྱུར་བའམ་རྒྱ་ཆུང་དུ་ཆུང་དུ་འགྲོ་བས་རིམ་པས་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་མཐོང་གི་འདུག དེ་འདྲའི་ཉེན་ཁ་ལས་སྐྱོབས་པའི་ཕྱིར་དེང་གི་འཕྲུལ་ཆས་ནང་བོད་ཡིག་མཉེན་ཆས་བཀོལ་སྤྱོད་བདེ་བ་དང་། ཚིག་མཛོད་རིགས་བཅས་བེད་སྤྱོད་མྱུར་འཚོལ་བདེ་བ་བཅས་ཀྱི་ཕྱིར་དུ། སྐུ་ཞབས་སྨོན་ལམ་ནས་སྲོལ་རྒྱུན་བོད་ཀྱི་ཡིག་གཟུགས་ཁག་དེང་དུས་ཚན་རིག་འཕྲུལ་ཆས་དང་འདྲ་མཉམ་བཀོལ་སྤྱོད་ཐུབ་པའི་སྨོན་ལམ་ཡིག་གཟུགས་མཉེན་ཆས་རིམ་པ་གསར་གཏོད་དང་བཟོ་སྐྲུན་གནང་ནས་བོད་ཀྱི་སྐད་ཡིག་དེང་དུས་རིག་གསར་མཉམ་འགྲོ་ཐུབ་པའི་ཕན་ཐོགས་ཆེན་པོ་བྱུང་བ་དང་། ལྷག་པར་དུ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ལྟར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མཐུན་འགྱུར་འོག་སྐུ་ཞབས་སྨོན་ལམ་མཆོག་གིས་གཙོ་བོ་འགན་བཞེས་ཀྱིས་འབྲེལ་ཡོད་མང་པོས་ཕྱར་གྲུ་མཉམ་འདེགས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ ཅན་འདི་བཞིན་ད་ཆ་འཛམ་གླིང་གི་ཚིག་མཛོད་མང་ཤོས་ཀྱི་ཟིན་ཐོ་གསར་པ་ཞིག་བཞག་ཅིང་མངོན་སུམ་མིག་ལམ་དུ་གྱུར་ཐུབ་པ་ནི་བོད་ཀྱི་སྐད་ཡིག་གི་རིན་ཆེན་བང་མཛོད་ཅིག་ཏུ་གྱུར་བས་མངོན་པར་བསྟོད་རྒྱུ་དང་། དོན་དམ་པའི་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་བ་མ་ཟད། བཙན་བྱོལ་ནང་རང་རེས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་རླབས་ཆེན་བྱ་གཞག་འཇོག་ཐུབ་པ་འདི་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་ནང་འཛམ་གླིང་སྤྱིའི་གཅེས་ནོར་དུ་གྱུར་པ་དཔལ་ཎ་ལེནྜའི་བརྒྱུད་པའི་ནང་ཆོས་ཀྱི་དམིགས་བསལ་ཁྱད་ཆོས་དང་། བོད་ཡིག་ནི་ལེགས་སྦྱར་གྱི་ཆོས་ཚིག་ཇི་བཞིན་དོད་ཐུབ་པའི་དེང་གི་འཛམ་གླིང་ནང་བོད་ཡིག་གཅིག་པུ་གྱུར་བའི་ངོ་སྤྲོད་གནང་བར་གསུང་གི་བདུད་བརྩི་འདི་ལ་བརྟེན་ནས་དེང་གི་དུས་སུ་ཕྱིའི་མི་རིགས་མང་པོས་བོད་ཀྱི་ཆོས་དང་། སྐད་ཡིག་ལ་དོ་སྣང་གསར་པ་ཞིག་སླེབས་བཞིན་ཡོད་པ་དང་། བོད་ཀྱི་སྐད་ཡིག་ནང་ཡོད་པའི་རིག་གནས་སྤྱི་དང་། བྱེ་བྲག་ནང་དོན་རིག་པའམ་མདོ་སྔགས་ཚང་ལ་མ་ནོར་བའི་ནང་ཆོས་དང་། བོད་ཀྱི་གསོ་བ་རིག་པ་བཅས་ཀྱི་སྤྱི་ཚོགས་སྤྱི་ཡོངས་དང་། མི་སྒེར་སོ་སོའི་མི་ཚེ་བདེ་སྐྱིད་ཡོང་བར་ཧ་ཅང་ཕན་ཐོགས་སྒྲུབ་ཐུབ་པ་མངོན་གསལ་ཆགས་ཡོད།

འབྱུང་གྱུར་གངས་ཅན་པ་ཡོངས་ཀྱི་རང་རེའི་མེས་པོ་རྣམས་ཀྱི་ཤུལ་བཞག་བོད་ཀྱི་སྐད་ཡིག་འདི་ཉིད་རང་གི་སྲོག་ལས་ཀྱང་གཅེས་འཛིན་དང་རིན་ཐང་ཆེ་བ་ངོས་འཛིན་བྱ་ཐུབ་པ་ཞིག་དགོས་པ་དང་། བོད་མི་རིགས་ཀྱི་ངོ་བོ་གནས་དང་མི་གནས་ཀྱི་ཚད་འཛིན་སར་ཡང་བོད་ཀྱི་སྐད་ཡིག་འདི་ཉིད་བརྒྱུད་འཛིན་བྱེད་ཐུབ་མིན་ལ་རག་ལས་པས། བོད་ཀྱི་སྐད་ཡིག་ནང་ཡོད་པའི་བཅུ་ཕྲག་རིག་པའི་གནས་སྤྱི་དང་། དེང་གི་ཚན་རིག་དང། དཔལ་འབྱོར་རིག་པ། ས་ཁམས་རིག་པ། གནམ་གཤིས་རིག་པ། དངོས་ཁམས་རིག་པ། ཆབ་སྲིད་རིག་པ་སོགས་རྣམས་ཀྱང་རིམ་པས་བོད་ཀྱི་སྐད་ཡིག་ནང་བཀོལ་སྤྱོད་ཐུབ་པ་ཞིག་འབྲེལ་ཡོད་ཤེས་ཡོན་སྡེ་ཚན་ཁག་དང་། མི་སྒེར་སོ་སོ་ནས་དོ་སྣང་གིས་དར་སྤེལ་ཡོང་བ་བྱ་ཐུབ་དགོས་པའི་གསལ་འདེབས་ཞུ་རྒྱུ་ཡིན།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་སྐྱེས་ཆེན་རྣམས་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉིན་མོ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༧ ལ།།