སྦིར་བོད་ཚོགས་སུ་བོད་མིའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྦིར་བོད་ཚོགས་སུ་ཕྱི་ཚེས་ ༡༧ ནས་ ༢༡ བར་ཉིན་གྲངས་ལྔའི་རིང་གི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཟབ་སྦྱོང་གནང་མཁན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ཀླུ་ཚང་རྒྱ་རིགས་མཆོག་རྣམ་གཉིས་ཀྱིས་གཙོས་ཟབ་སྦྱོང་ཐོག་འཛུལ་ཞུགས་གནང་མཁན་སྦིར་སྡེ་དགེ་དང་། སྦིར་བོད་ཚོགས། སྦིར་ནང་ཆེན། ཀུ་ལླུ་མ་ན་ལི། མན་ཌི། ཌལ་ཧོར་ས་གནས་ཁག་ནས་ཕེབས་པའི་ས་གནས་འཐུས་མི་དང་། ས་གནས་འགོ་འཛིན་བཅས་ཀྱི་ཐོག་སྦིར་ལི་ལི་གྲོང་སྡེའི་མི་འཐུས་ཁྱོན་ཟབ་སྦྱོང་བ་མི་གྲངས་ ༦༨ བཅས་ཚང་འཛོམས་ཀྱིས་ཐོག་མར་སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན་སྒྲོལ་མ་ཚེ་རིང་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་བ་དང་། དེ་ནས་སྦིར་བོད་ཚོགས་ཀྱི་ས་འཐུས་ཚོགས་གཙོ་དར་རྒྱས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྦིར་ས་གནས་སུ་བོད་མིའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ས་གནས་ཁག་ནས་ཕེབས་པའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག དེ་རྗེས་ཟབ་སྦྱོང་གནང་མཁན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་རྣམ་གཉིས་ཀྱིས་ཚོགས་དྲུང་ལས་ཁུངས་ཀྱི་ལས་དོན་ངོ་སྤྲོད་དང་། དེ་བཞིན་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ཟབ་ཁྲིད་གནང་ཡོད་འདུག

ཟབ་སྦྱོང་དེ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་གནས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ལ་གོ་སྒྲིག་ཞུས་པའི་ཟབ་སྦྱོང་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཟབ་སྦྱོང་ཐེངས་དང་པོ་དང་གཉིས་པ་ཤེས་ལོངས་དང་། སྒང་ཏོག་ས་གནས་སོ་སོ་ལ་གནང་ཡོད། ཟབ་སྦྱོང་གི་དམིགས་ཡུལ་ནི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་གཞི་རིམ་མང་གཙོ་སྲ་བརྟན་ཡོང་རྒྱུ་དང་། དེ་བཞིན་ས་འཐུས་རྣམས་ལ་གྲོས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཐོག་སྦྱོང་བརྡར་སྤྲོད་རྒྱུ་ཡིན།  ཉིན་ལྔའི་རིང་གི་ཟབ་སྦྱོང་སྐབས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞི་ཁག རིམ་པས་ཟབ་སྦྱོང་དམར་ཁྲིད་གནང་རྒྱུ་ཡིན་འདུག   འཇར་མན་རྒྱལ་ཁབ་ནང་གི་ཐེབས་རྩ་ (Friedrich Naumann Foundation) ནས་ཟབ་སྦྱོང་གི་རྒྱུ་གྲོན་མཐུན་འགྱུར་གནང་གི་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །