སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་རྒྱ་ནག་གཞུང་གིས་སྐུ་བཀྲོངས་ནས་ལོ་ངོ་བཅུ་གཅིག་འཁོར་བའི་རྗེས་དྲན་དང་། ཚ་མོ་ཉི་མ་ལྷ་མོ་ལགས་ཀྱི་མི་ཚེ་དང་འབྲེལ་བའི་དཔེ་དེབ་ཅིག་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་གསུང་བཤད་གནང་བ།


༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༣ ཉིན་སྔ་དྲོ་ ༡༡ཿ༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་རྒྱ་ནག་གཞུང་གིས་སྐུ་བཀྲོངས་ནས་ལོ་ངོ་བཅུ་གཅིག་འཁོར་བའི་རྗེས་དྲན་དང་། ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱི་མི་ཚེ་དང་འབྲེལ་བའི་དཔེ་དེབ་ཅིག་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ་དབུ་འབྱེད་གནང་བའི་མཛད་སྒོར་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱི་དཔེ་དེབ་དབུ་འབྱེད་དང་གསུང་བཤད་གནང་སོང་།

དཔེ་དེབ་དེ་ཡང་དཔར་སྐྲུན་གནང་མཁན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཡིན་འདུག་པ་དང་། ཨིན་ཇིའི་ནང་འདོན་སྤེལ་གནང་བའི་དཔེ་དེབ་དེའི་མིང་དུ་ <<No Tongues in Their Mouths: Allegations of Assassination in Tenzin Delek Rinpoche’s Death>> ཞེས་པ་དང་། དཔེ་དེབ་དེ་བསྒྱུར་པ་པོ་ནི་བོད་སྨྱུག་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ལྡུམ་ར་བུ་ཆུང་བསོད་ནམས་ལགས་ཡིན་འདུག

ཐོག་མར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཟླ་བ་ལགས་ནས་དཔེ་དེབ་དཔར་སྐྲུན་བྱེད་པའི་དགོས་པ་དང་གལ་གནད་སྐོར་ལ་གསུངས། དེ་རྗེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་དང་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་སྐོར་གཏམ་བཤད་གནང་། དགེ་རྒན་དང་ཧི་མྰ་ལ་ཡའི་ཆོས་རིག་ཉམས་ཞིབ་པ་རྒན་རྡོ་རྗེ་རིན་ཆེན་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐོར་ལ་སྤེལ་བའི་དེབ་སོགས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་གཏམ་བཤད་གནང་སོང་།


སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་ནས་ཐོག་མར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུང་དོན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་ཚེ་དང་མཛད་རྗེས་ནི་བོད་མི་རིགས་ཀྱིས་བོད་ནང་མྱངས་པའི་མནར་གཅོད་དང་། ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་བློས་གཏོང་གནང་བའི་མཚོན་རྟགས་ཆེན་པོ་ཞིག་ཡིན་པས། ཁོང་ཉིད་བོད་མི་རིགས་ཀྱི་སྙིང་སྟོབས་ཀྱི་དཔའ་བོ་ཞིག་ཏུ་རྗེས་དྲན་ཞུ་འོས་པ་ཡིན་གསུངས།
དེ་བཞིན། ཁོང་གིས་ཉེན་ཁ་ལ་མ་འཛེམས་པར་བོད་ཀྱི་ཆོས་དང་རིག་གཞུང་གི་གནས་སྟངས་དངོས་ཡོད་ཡིག་ཐོག་འགོད་པ། ཤེས་ཡོན་དང་མི་རྣམས་ཀྱི་རྣམ་གཞག་གོང་འཕེལ་ཆེད་སློབ་གྲྭ་འཛུགས་པ་སོགས་ཀྱི་མཛད་རྗེས་རྣམས་ལས། རྒྱལ་ཞེན་དང་འགན་འཁུར་གྱི་སྙིང་སྟོབས་ང་ཚོས་སློབ་དགོས་པ་ནན་བཤད་གནང་།


ཚོགས་གཙོ་མཆོག་གིས་མུ་མཐུད་དུ། ཁོང་ཕྱི་ལོ་ ༡༩༨༢ ལོར་བཙན་བྱོལ་དུ་ཕེབས་ཤིང་། ༸སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་བཞེས། ཕྱི་ལོ་ ༡༩༨༣ ལོར་སྤྲུལ་སྐུར་ངོས་འཛིན་གནང་ཡང་། བདེ་བའི་འཚོ་བ་ལ་མ་བཞུགས་པར། ཉེན་ཁ་ཡོད་ཀྱང་ཕ་ཡུལ་ལ་ཕེབས་ནས་མི་མང་ལ་ཞབས་ཞུ་སྣ་མང་གནང་བའི་སྐོར་གསུངས།
ད་ལྟའི་བོད་མི་ཚོས་སྤྱི་ཚོགས་དྲྭ་ལམ་ནང་ཕྱོགས་རིས་དང་འགལ་ཟླའི་ཚིག་གིས་སྤྱི་ཚོགས་དཀྲུག་མི་རུང་བར། རྒྱལ་གཅེས་དཔའ་བོ་ཚོའི་མཛད་རྗེས་ལས་སློབ་སྦྱོང་བླངས་ཏེ། བོད་མི་རིགས་དང་བསྟན་པ་སྤྱིའི་དོན་དུ་ལག་ལེན་ཐོག་ནས་ཞབས་ཞུ་འབད་བརྩོན་གནང་དགོས་པ་དང་། ༸སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་འཚེ་མེད་ཞི་བའི་ལམ་ལ་བརྟན་པོར་གནས་དགོས་པ་ནན་ཏན་གསུངས་པ་དང་། བོད་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ནི་བོད་མི་ཚང་མའི་འགན་ཡིན་པ་དང་། དམིགས་བསལ་གྱི་རྒྱ་གཞུང་གིས་བོད་ནང་བོད་ཀྱི་སྐད་དང་ཡི་གེ་མེད་པ་བཟོ་ཡི་ཡོད་པས་ང་ཚོ་བཙན་བྱོལ་ནང་ཡོད་མཁན་ཚོས་གཞོན་སྐྱེས་ལ་བོད་ཡིག་སློབ་པ་གལ་ཆེན་ཡིན་པར་གསུངས་ཤིང་། ཚོགས་གཙོ་མཆོག་ནས་ང་ཚོ་ཚང་མ་འཐབ་རྩོད་པ་ཞིག་ཡིན་དུས་འཐབ་རྩོད་བྱེད་པའི་སྔོན་ལ་བོད་ཀྱི་ལོ་རྒྱུས་དང་། ལྷག་པར་དུ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་མཐའ་མའི་ཞལ་གདམས་སོགས་ལ་སློབ་སྦྱོང་བྱས་ནས། ནང་འཁྲུག་གི་ནོར་འཁྲུལ་བསྐྱར་དུ་མི་ཤོར་བའི་འབོད་བསྐུལ་གནང་།


ཚོགས་གཙོ་མཆོག་ནས་མུ་མཐུད་གསུང་དོན། ཉི་མ་ལྷ་མོ་ལགས་ནས་སོ་སོའི་ཨ་ཞང་རྒྱ་གཞུང་གིས་བཀྲོངས་པ་དེ་རྒྱལ་སྤྱིའི་སྡིངས་ཆ་ག་པར་རག་པ་ཡིན་ནའང་དེར་ཕེབས་གནང་ནས་ཞུ་གཏུག་གི་ལས་འགུལ་མང་པོ་སྤེལ་བ་དེ་ནི་བསྔགས་བརྗོད་འོས་པ་ཞིག་ཡིན། དེའང་སོ་སོའི་མ་རྒན་དང་སོ་སོའི་ཕྲུ་གུ་ལོ་ ༦ ནང་དུ་བཞག་ནས་བོད་དོན་ཆེད་རྒྱལ་སྤྱིར་བདེན་དཔང་གནང་བ་དེ་ལས་སླ་པོ་ཞིག་མིན་པ་དང་ཁོང་ལ་གུས་བསྟོད་ཞུས་གནང་སོང་།


ཚོགས་གཙོ་མཆོག་ནས་རེ་འདུན་གནང་དོན་ཉི་མ་ལྷ་མོ་ལགས་ཀྱི་དཔེ་དེབ་དང་དེ་འདྲ་བའི་བོད་ཀྱི་ལོ་རྒྱུས་དང་བདེན་དཔང་ཡོད་པའི་ཡིག་ཆ་དེ་དག་ Think Tank དང་། རྒྱལ་སྤྱིའི་ཉམས་ཞིབ་ཁང་དང་དཔེ་མཛོད་ཁང་དུ་ངེས་པར་དུ་འགྲེམ་སྤེལ་གནང་ཐུབ་དགོས་པ་དང་། རྒྱ་ནག་གི་ཕྱོགས་རེས་ལོ་རྒྱུས་ལ་ཁ་གཏད་གཅོག་དགོས་པར་བསྐུལ་མ་གནང་།
མཐར། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། བོད་ཀྱི་དཔའ་བོ་དཔའ་མོ་རྣམས། དམིགས་བསལ་དུ་དཔའ་བོ་བློ་དགའ་རང་བཙན་ལགས་ལ་དཔེ་བླངས་ཏེ། བོད་མི་རིགས་ཆེད་བློས་གཏོང་གནང་མཁན་ཚང་མར་རྗེས་དྲན་དང་སྙིང་ནས་གུས་འདུད་ཞུས་གནང་རྗེས། བོད་མི་ཚང་མས་གཅིག་སྒྲིལ་བྱས་ཏེ། བོད་ཀྱི་རྒྱལ་ཁབ། ཆོས་རིག སྐད་ཡིག་བཅས་སྲུང་སྐྱོབ་ཆེད་ཤུགས་མཉམ་རྒྱག་དགོས་པའི་འབོད་སྐུལ་བཅས་གནང་།


སྐབས་དེར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་་མོ་ལགས་ཀྱིས་ཐེངས་འདིའི་རྗེས་དྲན་གྱི་གཏམ་བཤད་བརྙན་ཐུང་གཟིགས་འབུལ་ཡང་ཞུས་གནང་བ་དང་།
མཇུག་ཏུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་བྱེད་ཕུར་བུ་སྒྲོལ་མ་ལགས་ཀྱི་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སོང་བ་བཅས།