སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་སྤྱི་ལྷན་དུ་ཕེབས་པ།

IMG20160728103124རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་མཆོག་རྒྱ་གར་དུ་བདེ་བར་འབྱོར་ནས་ཟླ་འདིའི་ཚེས་  ༢༨  ཉིན་སྤྱི་ལྷན་དུ་ཕེབས་གནང་གིས་ངོ་བཞུགས་སྤྱི་འཐུས་རྒྱུན་ལས་རྣམ་པ་འགའ་ཤས་དང་མཇལ་འཕྲད་ཞུ་སྐབས་ཚ་མོ་མཆོག་ནས་གསུངས་གསལ་དུ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་རྒྱ་དམར་གཞུང་ནས་ཉེས་མེད་ཉེས་འཛུག་བྱས་ཏེ་སྡུག་སྦྱོང་ཚད་མེད་བཏང་མཐར་སྐུ་ཚེའི་འཕེན་པ་རྫོགས་དགོས་བྱུང་བ་ནི་ཧ་ཅང་གི་བློ་ཕམ་ཡིན་པ་མ་ཟད། ད་ཆ་རང་ཉིད་བཙན་བྱོལ་དུ་བདེ་བར་འབྱོར་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དང་། དེ་བཞིན་རྒྱ་ཡི་བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་མང་པོ་ཡོད་པ་དེ་དག་གི་བདེན་དཔང་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བཤད་བྱེད་ཀྱི་ཡིན་ཞུས་གནང་སོང་ལ། སྐབས་དེར་སྤྱི་འཐུས་རྒྱུན་ལས་རྣམ་པས་སྤྱི་ལྷན་གྱི་ཚབ་ཞུས་ཏེ་ཚ་མོ་མཆོག་དང་ཁོང་གི་ཕྱག་རོགས་དགེ་བཤེས་བློ་བཟང་ཡོན་ཏན་ལགས་སུ་མ་འོངས་པར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དང་འབྲེལ་བའི་ལས་འགུལ་གང་འདྲ་ཞིག་སྤེལ་བ་ཡིན་ནའང་འདི་ནས་མཐུན་འགྱུར་གང་ཐུབ་ཞུ་རྒྱུ་ཡིན་ཞུས་པ་ཆབས་ཅིག་འཚམས་ཞུའི་མཇལ་དར་དང་། ཐུགས་གསོའི་ཕྱག་རྟགས་མཚོན་བྱེད་བཅས་འབུལ་ལམ་ཞུས་ཡོད་པ་རེད།།