སྤྱི་ལྷན་གསུང་བཤད།

 

 

༄༅། །དེ་རིང་ནི་རྒྱ་དམར་ཀླ་ཀློའི་དཔུང་ཚོགས་ཀྱིས་བོད་ལྗོངས་ཆོས་ལྡན་གྱི་ཞིང་སར་རིམ་བཞིན་བཙན་འཛུལ་གྱིས་མཐར་ཡུལ་གྱི་བདག་པོ་བོད་མི་རྣམས་ཀྱི་སྟེང་གདུག་རྩུབ་ཅན་གྱི་སྲིད་བྱུས་དངོས་སུ་ལག་བསྟར་བྱས་པར་བཟོད་ཐབས་ཡོངས་སུ་བྲལ་ཏེ། ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་རྒྱལ་ཞེན་ལྷག་བསམ་དང་སྙིང་སྟོབས་ཅན་གྱི་དཔའ་བོ་ཨ་འབྲུག་ཛ་སག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་འཁྲིད་གནང་སྟེ་བོད་ཆོལ་གསུམ་ཁྱོན་ནས་དཔའ་མཛངས་རྟུལ་ཕོད་ཅན་གྱི་བོད་མི་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ས་ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ ༥༥ འཁོར་བའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་ཞུ་བ་འདིས་རྒྱ་དམར་བོད་ནང་བཙན་འཛུལ་གྱིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པས་མ་ཚད། བོད་མིའི་ཆོས་སྲིད་གང་ཅིའི་རང་དབང་ཡོངས་སུ་འཕྲོགས་ཏེ་བོད་ཀྱི་སྣོད་བཅུད་གཉིས་ཀར་སྔར་མ་གྲགས་པའི་ཉམས་ཆག་ཅི་ཆེ་བཏང་ཡོད་པ་རྣམས་དྲན་སྐུལ་དང་བཅས་བོད་དོན་བདེན་མཐའ་མྱུར་གསལ་ཆེད་གོམ་གང་མདུན་སྤོས་ཀྱི་དམ་བཅའ་བརྟན་བཟུང་བྱ་རྒྱུའི་དུས་ཚིགས་གལ་ཆེ་ཞིག་ཆགས་ཡོད།

 

བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདིས་བོད་བསྟན་སྲིད་དང། མི་རིགས་ཀྱི་རང་དབང་ཆེད་དགྲ་བོར་ཕར་རྒོལ་གྱི་ཁ་གཏད་གདོང་ལེན་རིམ་པར་བྱས་ཏེ་ཞབས་འདེགས་ཅི་ཆེ་བསྒྲུབས་ཡོད་པ་དང། ལྷག་པར་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་ཐབས་མེད་བྱུང་བའི་སྐབས་སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་བཅས་ནི་བོད་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་ཇི་སྲིད་བར་གནས་རྒྱུ་མ་ཟད། ད་རེས་དུས་དྲན་སྲུང་བརྩིའི་གོ་སྐབས་འདི་བཟུང་ནས་བཀའ་དྲིན་རྗེས་དྲན་དང་སྦྲགས་གུས་འདུད་ཞུ་རྒྱུ་ཡིན།

 

ད་ལྟའི་དུས་སྐབས་འདི་ནི་བོད་མི་ཡོངས་ལ་བཀའ་དྲིན་གྱི་བདག་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོས་པ་དང་དགེ་མཚན་དུ་མར་དགོངས་བཞེས་བླ་མེད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ཀྱི་ཕྱག་ཏུ་རྩིས་སྤྲོད་དམ་གསོལ་བསྩལ་གནང་བའི་ཤིན་ཏུ་གལ་འགངས་དང་འགྱུར་འགྲོས་ཆེ་བའི་དུས་སྐབས་ཤིག་ཡིན།

 

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཞུ་སྒོ་མཐའ་དག་མགོན་པོ་གང་གི་བཞེད་དགོངས་ལྟར་བསྒྲུབ་ཐུབ་པའི་འགན་འཁུར་ཞུ་ཕྱོགས་སྔར་ལྷག་དགོས་གལ་སྨོས་མི་དགོས་པའི་ཐོག རྒྱུན་དུ་རྒྱ་ཆེའི་མང་ཚོགས་དང་ཐད་ཀར་འབྲེལ་ལམ་དམ་ཟབ་ཡོད་པའི་ཚོགས་པ་དང། སྒྲིག་འཛུགས་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་སམ་ཞོགས་འདེགས་ཀྱི་ནུས་པ་དེ་ཡང་ཤིན་ཏུ་གལ་འགངས་ཆེ་བ་བཞིན། ཉེ་བའི་སྔོན་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་༤༣ པ་ཚོགས་པའི་གྲོས་གཞི་གྲོས་ཆོད་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕུལ་འབྱོར་བྱུང་བའི་ནང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་ཉེན་སྲུང་ཞུ་ཕྱོགས་ལ་དོ་སྣང་དང། འགན་འཁུར་ཞུ་ཕྱོགས། ལྷག་པར་ནང་གི་ཞབས་རིམ་༸གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་ཀྱིས་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་རྒྱུ། ཆོས་རིག་སྲུང་སྐྱོབ། རང་རིགས་མཐོ་རིམ་སློབ་མ་མི་ཉུང་བར་ལོ་ལྟར་སློབ་ཡོན་མཐུན་སྦྱོར། དེ་བཞིན་སྒྲིག་འཛུགས་ཚགས་ཚུད་འབྱུང་ཐབས་སྤྱི་དང། སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཀྱི་ཆ་རྐྱེན་གཙོ་བོ་ཞིག་དཔལ་འབྱོར་གྱི་མཐུན་རྐྱེན་ལ་རག་ལུས་པ་ལྟར་དཔལ་འབྱོར་འདུ་འགོད་བྱ་ཕྱོགས། བོད་ནང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་འོག་གཞིས་བཞུགས་བོད་མི་རྣམས་ཀྱིས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པར་གདུང་སེམས་མཉམ་སྐྱེད་དང། སྐྱིད་སྡུག་མཉམ་མྱོང་ཞུ་རྒྱུ་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་སོགས་འཁོད་ཡོད་པ་རྣམས་བོད་མིའི་རྩ་དོན་འཐབ་རྩོད་དང། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིར་གཞོགས་འདེགས་སུ་འགྲོ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་དང། དེ་དག་མུ་མཐུད་རྒྱུན་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

 

རྒྱ་ནག་གཞུང་གིས་བོད་མིའི་ཆོས་སྲིད་གང་ཅིའི་རང་དབང་དང་ཐོབ་ཐང་འགོག་པའི་གདུག་རྩུབ་ཆེ་བའི་དྲག་གནོན་སྲིད་བྱུས་ལ་མཐའ་གཅིག་ཏུ་འདོད་བབ་མེད་པའི་བོད་མི་རྒྱལ་གཅེས་པ་རྣམས་ཀྱིས་རང་ལུས་མེར་སྲེག་སོགས་ཀྱི་ཞི་བའི་ལས་འགུལ་རིམ་པ་སྤེལ་བ་དང། འཛམ་གླིང་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་དང་མཛད་འཕྲིན་རྒྱས་དང་རྒྱས་བཞིན་པ། བྱེས་འཁོད་བོད་མིའི་སྒྲིག་འཛུགས་དང། མང་ཚོགས་བཅས་ཀྱིས་བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེད་སོགས་ཀྱི་ལས་འགུལ་ནུས་ཐོན་སྤེལ་བར་རྒྱལ་སྤྱིའི་ཁྱོན་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་དང་འཐོབ་བཞིན་པ་སོགས་ལ་བརྟེན་རྒྱ་ནག་གི་འགོ་འཁྲིད་ཚོར་བྱ་ཐབས་གཞན་མ་རྙེད་པར་བོད་ནང་གི་བོད་མིར་ཉེས་མེད་ཉེས་འཛུགས་ཤུགས་ཆེ་རུ་དང། བཙན་བྱོལ་ནང་དུའང་མི་སྣ་འདྲ་མིན་བེད་སྤྱོད་ཀྱིས་གནོད་འཚེའི་བྱ་ངན་རིགས་སྤེལ་ཐོན་ཡོང་བར་ཚང་མས་སྣང་ཆུང་དུ་མ་སོང་བའི་ཐུགས་སྣང་དང་དྭོགས་ཟོན་ཅི་ཆེ་གནང་གལ་ཆེ།

 

དོན་གནད་གལ་ཆེ་བ་གཞན་ཞིག་ནི། ང་ཚོ་ད་ལྟ་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་ཞུས་ཏེ་གནས་བཞིན་པ་ལྟར།རྒྱ་གར་ནི་བོད་མི་རྣམས་ཀྱི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཏེ་རྒྱ་གར་གཞུང་མང་གཉིས་ཀས་བོད་མིར་རྒྱབ་སྐྱོར་རོགས་རམ་ཧ་ཅང་རྒྱ་ཆེན་པོ་གནང་བའི་བཀའ་དྲིན་གྱི་བདག་ཉིད་ཅན་ཞིག་ཡིན་པ་ལྟར། ང་ཚོས་བཀའ་དྲིན་དེ་དག་དུས་རྟག་ཏུ་བསམ་ཤེས་ཐུབ་པའི་ངང་རང་རང་གནས་ཡུལ་གྱི་ཡུལ་མིའི་མིག་ལམ་དུ་མི་མཛེས་པ་དང། ལྷག་པར་འཁྲུག་རྩོད་ཀྱིས་མཚོན་ཐལ་ཆའི་སྤྱོད་ཚུལ་རིགས་མི་འབྱུང་བར་མཐུན་ལམ་གང་གཟབ་དང། ཉམ་ཆུང་སྡོད་མཁས་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་པས། ད་རེས་སླར་ཡང་དུས་དྲན་སྲུང་བརྩིའི་ཉིན་མོ་འདིའི་གོ་སྐབས་བཟུང་ནས་དྲན་བསྐུལ་ནན་ཏན་ཞུ་རྒྱུར་ཚང་མས་ཐུགས་ལ་ངེས་པར་བཅངས་རོགས་གནང་ཞུ་རྒྱུ་བཅས་དང།

 

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཞུ་སྒོ་མཐའ་དག་ལམ་ལྷོང་ཡོང་བ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༦ ཚེས་ ༡༦ ལ།།