སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་དང་སྤྱི་འཐུས་གངས་ལྷ་མོ་ལགས་གཉིས་ཨ་རིར་ཕེབས་པ།

བོད་མི་མང་སྤྱི་འཐུས་གངས་ལྷ་མོ་ལགས།བོད་མི་མང་སྤྱི་འཐུས་གངས་ལྷ་མོ་ལགས། ཕྱི་ལོ་༢༠༡༢ ཟླ༦ ཚེས༨ ཉིན་ཨ་རིར་རྟེན་གཞི་བྱས་པའི་ངལ་བསྒྱུར་ཐེབས་རྩ་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། གུང་ཁྲན་རིང་ལུགས་ཀྱི་མནར་གཅོད་ཕོགས་མཁན་ཐེབས་རྩ་ཁང་བཅས་ནས་བཀོད་སྒྲིག་མགྲོན་འབོད་ལྟར། སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་དང་སྤྱི་འཐུས་གངས་ལྷ་མོ་ལགས་གཉིས་ཨ་རིར་ཕྱིན་ཏེ། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཁང་དུ། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཉམ་བོད་ནང་གི་ངལ་རྩོལ་བསྒྱུར་བཀོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་དང།

བོད་མི་མང་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས།བོད་མི་མང་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས།ཕྱི་ཚེས་༡༡ ཉིན་ངལ་བསྒྱུར་ཐེབས་རྩ་ཁང་གི་འགྲེམ་སྟོན་ཁང་དུ། རྒྱ་གཞུང་གིས་བོད་མི་སྲིད་དོན་བཙོན་པར་མི་སྤྱོད་ལས་འདས་པའི་ལས་བཀོལ་བཙན་འདེད་བྱེད་བཞིན་པའི་བརྗོད་གཞིའི་ཐོག་ཁོང་གཉིས་ཀྱིས་བཙོན་འཇུག་གི་སྐབས་ཀྱི་མནར་གཅོད་རང་མྱོང་དང་འབྲེལ་གསལ་བཤད་དང་། རྒྱ་གཞུང་གིས་མི་ལོ་དྲུག་ཅུའི་རིང་གསར་དུ་འཛུགས་སྐྲུན་བྱས་པའི་བོད་སའི་བཙོན་ཁང་ཁག་གི་གསང་ལས་ཀྱི་གནས་བབ་ངོ་སྤྲོད་དང་། ཁྲིམས་མཐུན་མིན་པའི་སྲིད་དོན་བཙོན་པ་ངལ་བསྒྱུར་བཙན་སྐུལ་གནས་སྟངས་དངོས་ཐེར་འདོན་དང་འབྲེལ་གཏམ་བཤད་བྱས།

ཕྱི་ཚེས་༡༢ ཉིན་དམར་པོའི་རང་ལུགས་ཀྱི་མནར་གཅོད་ཕོགས་མཁན་ལ་དྲན་གསོའི་རྡོ་རིང་བཞེངས་ཏེ། མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ཆབ་སྲིད་བཙོན་ཟུར་ཁག་ཅིག་དང་ལྷན་གཏམ་བཤད་དང་། ཕྱི་ཚེས་༡༤ ཉིན་ནེའུ་ཡོག་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་འོག རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་རྩོམ་པ་པོ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་གཙོ། སྐྱིད་སྡུག་ཁག་གི་ཚོགས་མི་མཉམ་བོད་དོན་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གཏམ་བཤད་དང། ཕྱི་ཚེས༡༦ ཉིན་ནེའུ་ཡོག་དང་ནེའུ་རྗར་སེའི་བོད་རིགས་སྤྱི་མཐུན་ཚོགས་པའི་བོད་ཡིག་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་༡༦ འཁོར་བའི་མཛད་སྒོར་ཞུགས་ཤིང་། ད་ལྟའི་ཆར་བོད་རིགས་སློབ་ཕྲུག་༢༠༠ ཙམ་ཡོད་ཀྱང་ཤེས་ཚད་དང་འཚམ་པའི་སློབ་དེབ་མེད་པའི་དཀའ་ངལ་ཞུས་པ་གསན་བཞེས་ཀྱིས་སྤྱི་འཐུས་རྒྱུན་ལས་སུ་སྙན་སེང་ཐོག་འབྲེལ་ཡོད་ལས་ཁུངས་ལ་སྐུལ་ལྕག་གནང་རྒྱུ་གནང་།

ཐེངས་འདིའི་ཚོགས་བཅར་འདི་བརྒྱུད་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྤྱི་དང་རྒྱའི་བཙོན་འོག་ཏུ་ལྷུང་བའི་སྲིད་དོན་བཙོན་པའི་ངལ་རྩོལ་བསྒྱུར་བཀོད་ཀྱི་དཀའ་ངལ་ཇི་འཕྲད་མྱོང་ཐོག་ནས་ངོ་སྤྲོད་དང་འབྲེལ་བའི་དྲིལ་བསྒྲགས་གང་ལེགས་བྱུང་ཡོད་འདུག