སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ། དགེ་པེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ།

ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༣ དུས་དྲན་དང་བསྟུན་ནས། ཉིན་དེའི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༥ ཙམ་ནང་བོད་མདོ་སྨད་རྔ་པ་རྫོང་ཚོས་རྗེ་མ་ཞང་སོ་རུ་སྡེ་བ་ནས་ཡིན་པ། ཕ་མིང་ལ་ཕྱག་རྡོར་དང་མ་མིང་ལ་ཆཱ་ཁོ་ཞུས་པ་ཁོང་གཉིས་ཀྱི་བུ་རྔ་པ་ཀིརྟི་དགོན་གྱི་གྲྭ་རང་ལོ་ ༡༨ དགེ་པེ་ལགས་ཀྱིས། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་སྲོག་ཤོར་ཡོད་འདུག་པ་དང་། དགེ་པེ་ལགས་ཀྱིས་རང་ལུས་མེར་སྲེག་གནང་ས་དེ་ནི། ཕྱི་ལོ་ ༡༩༥༠ ཙམ་ལ་རྒྱ་ནག་གི་བཅིང་གྲོལ་དམག་ཟེར་བ་ཐོག་མར་བསླེབས་ཏེ་དམག་སྒར་བརྒྱབ་ཡོད་པའི་རྒྱབ་ལོགས་ཡིན་པས། ཁོང་གི་ཕུང་པོ་དམག་མི་ཚོས་དམག་སྒར་དུ་ཁྱེར་ཡོད་པ་དང་། ཚེས་ ༡༡ ཉིན་འབྲེལ་ཡོད་མི་མང་སྐོར་ཞིག་གིས་དམག་མི་ཚོར་ཕུང་པོ་ནང་མིར་ཕྱིར་སྤྲོད་དགོས་པའི་རེ་འདུན་བཏོན་ཏེ་ཁ་རྩོད་མང་པོ་བྱས་མཐར། རྒྱ་གཞུང་གིས་ཚེས་ ༡༡ ཉིན་གྱི་མཚན་མོ་རྔ་པ་རུ་ཕུང་པོ་མེར་སྲེག་གཏོང་རྒྱུ་དང་། དེར་འབྲེལ་ཡོད་མི་ ༥ ཙམ་ཡོང་ཆོག་པའི་ཐག་གཅོད་བྱས་ཡོད་པ་ལྟར། མཚན་མོའི་ཆུ་ཚོད་ ༡༠ ཙམ་ལ་དམག་མིས་དམ་དྲག་ཆེན་པོའི་འོག་དུར་སའི་ནང་མེར་སྲེག་གཏོང་དགོས་བྱུང་ཡོད་འདུག

དགེ་པེ་ལགས་ལོ་ན་ཆུང་དུས་ནས་རྔ་པ་ཀིརྟིའི་དགོན་དུ་ཆོས་ཞུགས་གནང་ཡོད་པ་དང་། ཁོང་གི་ཨ་ཕ་ཕྱག་རྡོར་ལོ་ཤས་གོང་ནད་མནར་གྱིས་གྲོངས་ཡོད་འདུག་ལ། ད་ཆ་ཤུལ་དུ་ཨ་མ་ལགས་དང་ཕ་མ་གཅིག་པའི་སྤུན་གྲྭ་པ་གཉིས་ཏེ་བཟའ་མི་གསུམ་ཡོད་འདུག ཁོང་གི་ཨ་མ་ཆཱ་ཁོ་ཕྱི་ཚེས་ ༡༡ དང་ ༡༢ ཉིན་སོ་སོར་སྔ་དྲོ་ནས་ཕྱི་དྲོའི་བར་རྫོང་གི་ཉེན་རྟོག་པ་རྣམས་ཀྱིས་ཁྲིད་ནས་འདྲི་རྩད་སྣ་ཚོགས་བྱེད་ཀྱི་ཡོད་འདུག་པ་དང་།  གནས་ཚུལ་དེ་རྔ་པའི་བོད་མི་བྱིངས་ཀྱིས་ཉིན་གཉིས་ཀྱི་རྗེས་སུ་མ་གཏོགས་གནས་ཚུལ་དེ་གསལ་པོ་ཤེས་རྟོགས་ཐུབ་མེད་ཅིང་། གནས་ཚུལ་གོ་འཕྲལ་རྔ་པ་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་སྟེ་གདུང་སེམས་མཉམ་སྐྱེད་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་སོགས་ས་ཆ་གང་སར་སྔར་ལས་མང་བ་འགྲེམས་འཇོག་གིས་དམ་དྲག་ལྟ་སྲུང་བྱེད་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་༡༦ ནས་ལོ་འདིའི་ཟླ་ ༣ ཚེས་ ༡༠ བར་ལོ་འཁོར་གཅིག་གི་ནང་། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཕོ་མོ་དང་སྐྱ་སེར་དབྱེར་མེད་རྒན་གཞོན་དར་གསུམ་མི་གྲངས་ ༢༦ བྱུང་ཡོད་པ་དང་དེའི་ནང་ནས་མི་གྲངས་༢༠ སྐུ་སྲོག་ཤོར་ཡོད། དེ་མིན་མང་ཆེ་བ་ད་ལྟའི་སྐབས་བཙོན་འཇུག་དང་བཀག་ཉར་ཁང་གང་ཞིག་ཏུ་ཡོད་མེད་ཤེས་རྟོགས་ཐུབ་མེད་ལ། ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་ཐེབས་ཡོད་པའི་ཐོག རྒྱ་གཞུང་གིས་འདྲི་བརྩད་དང་མནར་གཅོད་བཏང་ནས་དམྱལ་བ་ས་སྟེང་དུ་འཕོས་པ་ལྟ་བུའི་དཀའ་སྡུག་གི་འོག་ནས་རིམ་གྱིས་སྐུ་སྲོག་ཤོར་བཞིན་ཡོད། དེ་ཡང་རིག་འཛིན་རྡོ་རྗེ་ལྟ་བུར་མཚོན་ན་འདས་གྲོངས་སུ་ཕྱིན་པའི་རྗེས། ནང་མི་ལ་རུས་ཐལ་ཞིག་སྤྲད་པ་ལས་ཕུང་པོ་ཕྱིར་སྤྲོད་ཀྱི་སྤོབས་པ་མེད་པ་དེས། རྒྱ་གཞུང་གི་བཙོན་ཁང་ནང་མནར་གཅོད་ག་ཚོད་བཏང་ཡོད་མེད་ཀུན་གྱིས་གསལ་པོར་མཐོང་ཐུབ།

བོད་ནང་རང་ལུས་མེར་སྲེག་གིས་མཚོན་ས་གནས་གང་སར་སྦྱར་ཡིག་འགྲེམས་སྤེལ་དང་ཞི་རྒོལ་སོགས་མང་པོ་བྱུང་དང་འབྱུང་བཞིན་ཡོད་རུང་། རྒྱ་གཞུང་གིས་བོད་མི་ཚོའི་དགོས་འདུན་ལ་བསམ་གཞིག་བྱེད་རྒྱུ་ལས་ལྡོག་སྟེ། བོད་ཀྱི་དགོན་སྡེ་ཁག་ཏུ་ལས་དོན་རུ་ཁག་མང་དུ་བཙུགས་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་རྒྱ་བསྐྱེད་བྱས་པ། རྒྱ་ནག་གི་དཔོན་རིགས་རིམ་པའི་འདྲ་པར་བཙན་གྱིས་དགོན་པ་དང་གྲྭ་ཤག ཁྱིམ་ཚང་ཁག་ཏུ་འགྲེམས་འཇོག་བྱས་བཅུག་པ། དངུལ་དངོས་དང་གཡོ་གཏམ་བཤད་ནས་བོད་མི་ཚོར་ལོ་གསར་བཙན་གྱིས་བཏང་བཅུག་ནས་དྲིལ་བསྒྲགས་སྣ་ཚོགས་བྱས་པ། བརྙན་འཕྲིན་དང་རླུང་འཕྲིན་གྱི་བརྒྱུད་ལམ་ཁག་ཏུ་ཆེད་དུ་བོད་མི་ཚོར་གུང་ཁྲན་ཏང་ལ་དགའ་ཞེན་གྱི་གླུ་དབྱངས་ལེན་བཅུག་པ། འཚོགས་བཞིན་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་དང་འབྲེལ་ནས། བོད་ཀྱི་གནད་དོན་ཐོག་གཞི་རྩ་བྲལ་བའི་འཁྱོག་བཤད་སྣ་ཚོགས་བྱས་པ། རེབ་གོང་དུ་ཉེ་སྔོན་སློབ་གྲྭའི་བོད་ཡིག་སློབ་ཚན་རྒྱ་ཡིག་ཏུ་བསྒྱུར་ནས་བོད་རིགས་རྒྱ་རིགས་སུ་བསྒྱུར་ཐབས་བྱས་ཡོད་པས་སློབ་མ་ཚོས་ངོ་རྒོལ་བྱས་མ་ཐག་ཡིན། ལོ་འདིའི་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་སྐབས་བོད་ཀྱི་ས་གནས་གང་སར་དྲག་ཆས་དམག་མི་འབོར་ཆེན་བཀྲམ་ནས། དམག་གི་སྦྱོང་བདར་གྱི་ས་ཚིགས་མང་པོ་བཙུགས་ནས་ཧ་ལམ་འཛམ་གླིང་དམག་ཆེན་གསུམ་པ་ལྟ་བུར་གཡུལ་འགྱེད་ཀྱི་གྲ་སྒྲིག་བྱེད་ཀྱི་མེད་དམ་སྙམ་པ་བྱས་ནས་བོད་མི་ཚོར་འཇིགས་སྐུལ་བྱས་ཡོད།

ཕྱོགས་གཞན་ཞིག་ནས་བོད་ཀྱི་ལྷིང་འཇགས་དང་སྤྱི་ཚོགས་ཡར་རྒྱས་ལ། ཁ་བྲལ་རིང་ལུགས་པས་གཏོར་བཤིག་གཏོང་གིཡོད་པས། བོད་མི་ཚོས་བློ་རྩ་བརྟན་པོའི་ངང་ནས་ཁ་བྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་ནུས་ཤུགས་འདོན་དགོས་ཞེས་བརྗོད་ནས། འཇིགས་སྐུལ་དང་འཁྱོག་བཤད། གཡོ་རྒྱུ་སྣ་ཚོགས་ཀྱིས་བོད་མི་ཚོའི་བསམ་བློ་དང་དད་འདུན་རྒྱ་རིགས་ཆེན་པོའི་ཕྱོགས་སུ་སྒྱུར་ཐབས་བྱེད་བཞིན་ཡོད་པའི་ཕྱོགས་ལྷུང་ཅན་གྱི་སྲིད་ཇུས་དེ་ལ་བརྟེན་ནས། བོད་ནང་གི་བོད་མི་ཚོས་རང་སྲོག་ཚུན་ཆད་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་དང་བྱེད་བཞིན་ཡོད་པས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གསར་འགོད་གསལ་བསྒྲགས་རིམ་སྤེལ་ནང།  རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་དེ་ལ་བསྒྱུར་བཅོས་མ་བཏང་ན། བོད་ནང་རང་ལུས་མེར་སྲེག་སོགས་ཀྱི་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་ཡོངས་རྫོགས་རྒྱ་ནག་གཞུང་རང་ཉིད་ཀྱིས་འགན་འཁྱེར་དགོས་ཞེས་ནན་བརྗོད་བྱས་ཡོད་ལ་ད་དུང་ཡང་དེ་བཞིན་ནན་བརྗོད་བྱེད་རྒྱུ་ཡིན།

དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་གཙིགས་ཆེར་འཛིན་མཁན་གྱི་རྒྱལ་ཁབ་དང་ཚོགས་སྡེ་ཁག གནད་ཡོད་མི་སྣ། མང་ཚོགས་བཅས་ཀྱིས། བོད་ནང་གི་བོད་མི་དེ་དག་གི་རང་ལུས་མེར་སྲེག་བཏང་བའི་རྩ་ཆེན་གྱི་ལས་འགུལ་དེ་དག་གོ་མེད་ཚོར་མེད་ངང་རྒྱ་མཚོའི་ནང་རྡོ་འཕངས་པ་ལྟར་མིིན་པར། དེ་དག་གི་མགྲིན་ཚབ་བྱེད་དེ་རྒྱ་ནག་གཞུང་ལ་བདེན་པའི་གནས་ལུགས་ར་སྤྲོད་བྱེད་རོགས་ཞེས་ད་ལྟའི་བར་ཞུས་ཡོད་ལ། ད་དུང་ཡང་ཇི་སྲིད་བོད་ཀྱི་གནས་སྟངས་ལ་འགྱུར་བ་མ་ཕྱིན་བར་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་དགོས་འདུན་མ་འགྲུབ་བར་ང་ཚོས་རེ་སྐུལ་ཞུ་རྒྱུ་ཡིན། བོད་མི་ཤི་གསོན་གཉིས་ཀྱི་རེ་འདུན་འདི་ནི། གོ་ལའི་སྟེང་དུ་འགྲོ་བ་མི་གཞན་དང་གཅིག་མཚུངས་སུ་རང་དབང་ལོངས་སུ་སྤྱོད་ནས་གནས་འདོད་ཡོད་པའི་འགྲོ་བ་མི་ཞིག་གིས་རང་ཉིད་ཀྱི་ཐོབ་ཐང་རྩོད་པའི་ལས་དོན་ཞིག་ཡིན་པས། འདི་ལྟར་ཞག་འགྱངས་ཉིན་ཕུད་བྱས་ནས་ངན་པ་རྒྱ་ཡན་དུ་མ་བཏང་བར། གང་མགྱོགས་བོད་ཀྱི་གནད་དོན་སེལ་བའི་ཐབས་ལམ་ངེས་ཅན་ཞིག་ཐབས་འཚོལ་གནང་རོགས་ཞེས་ཞུ་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༣ ཉིན།