སྤྱི་འཐུས་ལས་འཁུར་ནས་དགོངས་ཞུའི་གསལ་བསྒྲགས།

༄༅། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ཉིན་གུས་མོས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག ཚོགས་དྲུང་སྟོབས་རྒྱལ་ལགས་བཅས་ལ་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་ནས་དགོངས་ཞུའི་གནས་བྲིས་ཕུལ་བའི་ནང་། གུས་མོས་ཡོ་རོབ་བོད་མིའི་སྤྱི་འཐུས་ཀྱི་ཞབས་ཞུ་བྱ་རྒྱུ་བྱུང་བར་བཀའ་དྲིན་རྗེས་དྲན་དང་བློ་སྤོབས་ཡོད་པ་གསལ་བརྗོད་བྱས་ཡོད། འོན་ཀྱང་གུས་མོ་གཟུགས་གཞི་བདེ་ཐང་མེད་པའི་སྟབས་ཀྱིས་སྤྱི་འཐུས་ཀྱི་ལས་འགན་རྣམས་མུ་མཐུད་རྒྱུན་སྐྱོང་མ་ཐུབ་པར་བློ་འགྱོད་ཆེན་པོ་ཡོད།

korean 1
ཆུང་བདག་ཀོ་རིན་ལགས།

གུས་མོའི་སྤྱི་འཐུས་ཀྱི་ལས་ཡུན་རིང་ཡོ་རོབ་གནས་སྡོད་བོད་མི་རྣམས་དང་། བོད་རིགས་ཚོགས་པ་ཁག་གི་རྒྱབ་སྐྱོར་ཡག་པོ་ཐོབ་པར་སྤྲོ་སྣང་དང་། ཡོ་རོབ་ནང་བོད་དོན་ཆེད་ལས་འགུལ་ཆེན་པོ་མང་པོ་ཞིག་གོ་སྒྲིག་དང་འབྲེལ་མཐུད་ཞུ་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤྲོ་ཆེ། དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་ཛ་དྲག་ཤོས་སྐབས་ཡུ་རོབ་ནང་གི་བོད་རིགས་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་བ་མཉམ་འབྲེལ་གྱིས་ཝི་ཡ་ནར་ཡུ་རོབ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་ཐུབ་པ་བྱུང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག གཞན་ཡང་བོད་ཀྱི་གྲོགས་པ་རྙིང་པ་དཔེར་ན་ཕ་རན་སིའི་ཕྱི་སྲིད་བློན་ཆེན་ཟུར་པ་བེར་ནར་ཌེ་ཀོ་ཁ་ནར་སོགས་ཀྱིས་མི་མང་ཁྲི་ཚོ་བརྒལ་བའི་འདུ་འཛོམས་སར་ཞུམ་པ་མེད་པའི་བློ་སྤོབས་སྤེལ་བ་མ་ཟད། བོད་དོན་ཐད་ཡོ་རོབ་ལ་ལས་འགན་ཇི་ཡོད་དྲན་བསྐུལ་ཡང་གནང་ཡོད། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལས་འགུལ་དེའི་རྗེས་ཟླ་ ༣ ཚེས་ ༡༠ ཉིན་གྱི་རྔམ་སྟོན་ཁྲོམ་སྐོར་དང་། བྷ་ར་སིལ་དུ་ཡུ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་ཁག་ལ་བོད་དོན་ཞུ་གཏུགས་ཀྱི་ཉིན་མོ་བཅས་ལྷན་དུ་གནང་ཐུབ་པ་བྱུང་།

ངས་ཕྱག་རོགས་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་དང་ལྷན་དུ་ལས་འཁུར་མཉམ་རུབ་སྐབས་ཀྱི་མཐུན་སྒྲིལ་ལ་དགའ་ཚོར་དང་། དཀའ་ཚེགས་ཆེ་བའི་སྐབས་ཁོང་གི་ཡིད་ཆེས་དང་བཟང་སྤྱོད་ཀྱི་མཐུན་འགྱུར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་ཨོ་སི་ལོ་ནང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྐུ་ཞབས་ཨོ་ཡི་སི་ཊིན་ཨལ་མེ་མཆོག་གིས་ལོ་མང་རོགས་སྐྱོར་ལ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ནི་རྒྱུན་རིང་བོད་མིའི་གྲོགས་པོ་དང་། བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་མཁན་ཞིག་ ཡིན་པས་གུས་མོས་བརྩི་བཀུར་ཆེན་པོ་ཞུ་བཞིན་ཕྱག་ལས་མུ་མཐུད་གནང་བའི་ཡིད་ཆེས་ཞུ་བཞིན་ཡོད། ལྕམ་སྐུ་བདེ་ཆེན་སྤེན་པ་ལགས་ནས་ལོ་མང་རིང་ High Peaks Pure Earth ཞེས་པའི་ནང་བོད་ནང་གི་བོད་མིའི་བསམ་ཚུལ་ཇི་ཡོད་འདོན་པའི་ལས་དོན་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། ཚང་མས་ལས་དོན་འདི་དང་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ལས་དོན་ལ་རོགས་སྐྱོར་གནང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། གཞོན་སྐྱེས་རྣམས་ནས་གུས་མོར་བློ་བསྐྱེད་དང་མ་འོངས་པའི་རེ་བ་ཞིག་སྟེར་གྱི་འདུག

བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཤོས་དེ་གུས་མོའི་བཟའ་ཟླ་མི་ཁེལ་ཀོ་རིན་ལགས་སུ་ཞུ་རྒྱུ་ཡིན། ཁོང་གི་འཛད་མཐའ་མེད་པའི་དགོངས་བཞེས་དང་རྒྱབ་སྐྱོར་རྣམས་མེད་ཚེ་གུས་མོས་བོད་དོན་ལས་ཀ་འདི་དག་ཞུ་ཐུབ་ཡོད་མ་རེད།

གུས་མོས་བོད་སྙིང་ལ་བཅངས་ནས་བོད་དོན་ལས་ཀ་མུ་མཐུད་བྱ་རྒྱུ་མ་ཟད། ཁྱད་པར་བོད་ནང་གི་བོད་མི་དང་བོད་དོན་བདེན་མཐའ་མ་གསལ་བར་སྲོག་གི་དབུགས་རྒྱུན་མཐའ་མའི་བར་ལས་དོན་མུ་མཐུད་བྱ་རྒྱུ་ཡིན། བོད་དོན་རྒྱབ་སྐྱོར་བ་རྣམས་དང་། ནོར་ཝེ་ནང་ལོ་མང་མཉམ་དུ་ལས་ཀ་བྱེད་མཁན་གྲོགས་པོ་རྣམས་དང་། koren 2གུས་མོ་ཇི་ནི་ཝར་༧གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དོན་གཅོད་ལས་ཡུན་རིང་འཛམ་གླིང་ཡོངས་སུ་བོད་ཀྱི་གྲོགས་པོ་ཐུག་འཕྲད་བྱུང་བ་རྣམས་དང་ཡང་བསྐྱར་མཉམ་དུ་ལས་དོན་ཞུ་ཐུབ་རྒྱུའི་རེ་བ་ཞུ་རྒྱུ་ཡིན། འཛམ་གླིང་ནང་དྲང་བདེན་ཆེད་རྩོད་མཁན་དང་། དྲང་བདེན་མིན་པ་དང་། གཉའ་གནོན་མྱོང་མཁན་རྣམས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་སྙིང་སྟོབས་ལྡན་པའི་མི་སྣ་ཇེ་མང་དགོས་ཀྱི་ཡོད་རེད། ཁྱེད་རྣམ་པ་ཚང་མའི་བོད་དོན་ཐོག་རླབས་ཆེའི་རྒྱབ་སྐྱོར་དང་ཆོད་སེམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ད་དུང་མུ་མཐུད་སེམས་ཤུགས་སྐྱེད་གནང་ཡོང་བའི་འབོད་སྐུལ་ཞུ་ཡི་ཡོད།

གུས་མོས་ལས་དོན་འགན་འཁུར་མི་ཐུབ་བཞིན་དུ་སྤྱི་འཐུས་ཀྱི་གོ་གནས་གཟུང་རྒྱུའི་འདོད་མོས་གང་ཡང་མེད་པ་མ་ཟད། སྤྱི་འཐུས་གསར་པ་ཞིག་སླེབས་ཚེ་དེར་རང་གི་རྣམ་དཔྱོད་དང་ནུས་པ་གསར་པ་འདོན་རྒྱུའི་གོ་སྐབས་ཤིག་ཏུའང་མངོན་གྱི་ཡོད། གཟུགས་གཞིའི་གནས་སྟངས་ཁོ་ནའི་དབང་གིས་སྤྱི་འཐུས་ཀྱི་ལས་ཡུན་ཆ་ཚང་ལས་ཁུར་ཞུ་མ་ཐུབ་པར་དགོངས་སེལ་ཞུ་རྒྱུ་ཡིན། ངའི་ཚབ་ཏུ་ཕེབས་མཁན་སྤྱི་འཐུས་ལ་ཁྱེད་རྣམ་པའི་རྒྱབ་སྐྱོར་བཟང་པོ་གནང་སྐྱོང་ཡོང་བ་དང་། ངས་ཀྱང་ཁོང་ལ་དགའ་བསུ་དང་བཅས་གོ་སྐབས་བཟང་པོ་འདིར་བློ་སྐྱེད་གསར་པ་བསྣམས་ཏེ་རང་རེ་རྣམས་འཛམ་གླིང་འདིའི་ནང་རང་དབང་ངང་འཚོ་གནས་ཐུབ་པའི་རྨི་ལམ་དེ་བཞིན་མངོན་འགྱུར་ཆེད་གོ་སྐབས་འདི་བཞིན་དམ་འཛིན་གནང་རྒྱུའི་སྐུལ་མ་ཡང་ཞུ་བཞིན་ཡོད།

(གསལ་བསྒྲགས་ངོ་མ་དབྱིན་ཡིག་ཐོག་སྤེལ་གནང་བོད་སྒྱུར་ཞུས་པ་ཞིག་ཡིན།)