སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྲུ་ཀྲིང་དང་ཏི་ཛུ། མེའོ་བཅས་སུ་ས་བགོས་ཕྱོགས་བསྐྱོད་ཀྱི་མཐོང་ཚུལ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༥ པའི་ཚོགས་དུས་དང་པོའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་འཐུས་རྣམ་པ་ས་གནས་ཁག་ལ་ཕེབས་རྒྱུའི་སྐོར་ལ་བགྲོ་གླེང་གནང་སྐབས། སྐབས་ ༡༣ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་ཡིག་ཆ་ཨང་ ༤༠ དགོངས་དོན་ལྟར། སྤྱི་འཐུས་རྣམ་པ་བོད་མི་འདུ་སྡོད་ས་གནས་སོ་སོར་ས་བགོས་ཕྱོགས་བསྐྱོད་དུ་ཕེབས་རྒྱུ་མུ་མཐུད་གོ་སྒྲིག་གནང་ན་ལེགས་པའི་དགོངས་མཐུན་བྱུང་བ་བཞིན། སྤྱི་ལྷན་སྐབས་ ༡༥ པའི་ལས་རྒྱུན་ཧྲིལ་པོའི་རིང་སྤྱི་འཐུས་རྣམ་པ་ས་བགོས་ལྟར་ཕྱོགས་བསྐྱོད་ཐེངས་གཉིས་རེ་ཕེབས་རྒྱུ་དང་། ལོ་གཉིས་དང་ཕྱེད་ཀའི་རྗེས་ནས་ས་བགོས་ས་གནས་བརྗེ་བསྒྱུར་གནང་རྒྱུར་གྲོས་འཆམ་བྱུང་བ་ལྟར། སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣༠ ཟླ་ ༡༡ ཚེས་ ༡༨ བར་ས་གནས་ཀྲུ་ཀྲིང་དང་།  ཏི་ཛུ་གཞིས་ཆགས། མེའོ་གཞིས་ཆགས་བཅས་སུ་ས་བགོས་འཚམས་གཟིགས་ཀྱི་ལས་འཆར་ཁག་ལེགས་གྲུབ་བྱུང་ཡོད།

སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ལས་བསྡོམས་སུ་སྤྱི་ཡོངས་མཐོང་ཚུལ་བཀོད་པ་ལྟར་ན། ཕྱི་ལོ་༢༠༡༡།༡༡།༣ ཉིན་གྱི་ཉིན་རྒྱབ་ཀྲུ་ཀྲིང་ངམ་བོད་མིང་དུ་པདྨ་བཀོད་པར་འབོད་པའི་ས་གནས་སུ་འབྱོར། རི་བོ་མཐོ་ཞིང་བརྗིད་པ་དང་། རི་མགོ་གངས་དང་། རི་སྐེད་ནགས་ཚལ། རི་འདབས་ན་ཞིང་ལས་པ་དག་གིས་རྔུལ་ནག་གིས་བསྐྲུན་པའི་འབྲས་ཞིང་དང་། ཤིང་ཏོག་གི་སྡོང་པོ་སྣ་ཚོགས་ཀྱི་རྩེ་རུ་ལོ་འབྲས་ཕུན་སུམ་ཚོགས་པར་སྐྱེས་འདུག་ལ། དྭངས་གཙང་ཡར་ཀླུང་གཙང་པོའི་ཤག་སྒྲ་ཡིས་ཁོར་ཡུག་འདིའི་སྐྱེ་འགྲོ་རྣམས་གཉིད་ལས་དཀྲོགས་པ་དང་མཚུངས། ས་གནས་འདི་ནས་རི་བོ་ཏཱ་ལ་དང་། པདྨ་ཤེལ་རི། ཀྲི་ཏ་པོ་རི། བདེ་བ་ཀོ་ཀྲ རྡོ་རྗེ་ཕག་མོའི་གནས། བྱ་ཁྱུང་བྲག་རི། ཡང་གསང་ཆུ་བོ་སོགས་མཇལ་དཀའ་བའི་གནས་ཆེན་ཁག་ཅིག་དང་ཁད་ཉེ་བ་ཞིག་རེད་འདུག (གནས་ཆེན་འདི་དག་ནི་སྤྱན་རས་གཟིགས་དང་། སློབ་དཔོན་རིན་པོ་ཆེ། མགོན་པོ་འོག་དཔག་མེད་སོགས་ཀྱི་གནས་རི་རྩ་ཆེན་ཡིན་པར་ཡོངས་སུ་གྲགས།)

ས་གནས་འདིར་བོད་རིགས་དང་། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་གྲོང་སྡེ་ཧ་ཅང་མང་ནའང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་འོག་སྐྱབས་བཅོལ་ལག་དེབ་དང་། བོད་མིའི་དཔྱ་ཁྲལ་ལག་དེབ་ བརྩི་སྲུང་གནང་བའི་གྲོང་སྡེ་ཁག་བཅོ་བརྒྱད་ཙམ་འདུག་མོད། གྲོང་སྡེ་ཁག་ཅིག་ན་བོད་མི་སྐྱབས་བཅོལ་བའི་ཁྱིམ་ཚང་གཉིས་དང་གསུམ་ལས་ཡོད་མི་འདུག

ས་གནས་ཀྱི་ལོ་རྒྱུས་ལ་ཀྱག་ཀྱོག་གི་འཕེལ་རིམ་མང་ནའང་། སྤོ་ཀ་ནམ་སྡེ་བའི་ས་གནས་དབང་བསྒྱུར་ཏེ་བོད་སྡེ་བ་གཞུང་གི་འཛིན་སྐྱོང་ཁྱབ་བཀོད་འོག་ཚུད་ཡོད་པ་དང་། བོད་གཞུང་གིས་སེར་བྱེས་གྲྭ་ཚང་ལ་མཆོད་གཞིས་སུ་ཕུལ་ཏེ་སེར་བྱེས་གྲྭ་ཚང་དང་ས་གནས་འདིར་ལོ་རྒྱུས་ཀྱི་བྱུང་རིམ་ཐོག་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ནི་རྒན་པོ་དག་གི་ངག་རྒྱུན་དུ་གསལ་པོར་འདུག པདྨ་བཀོད་ལ་བཀོད་ཆེན་དང་བཀོད་ཆུང་གཉིས་ཡོད་པ་དང་། བཀོད་ཆུང་རྒྱ་ནག་གཞུང་གིས་བདག་བཟུང་ཧམ་ཟོས་བྱས་ཡོད་ནའང་། བཀོད་ཆེན་དེ་རང་དབང་ལུང་པའི་ཁྱབ་འོག་ཏུ་ཡོད་པ་རེད།

ཀྲུ་ཀྲིང་གྲོང་བརྡལ་ཡོད་སར་རྒྱ་གར་གཞུང་གིས་གཞུང་ལམ་བཟོས་ཏེ་རླངས་འཁོར་ཆེ་ཆུང་མང་པོས་འགྲོ་བསྐྱོད་བྱེད་བཞིན་ཡོད་ནའང་། སྐྱབས་བཅོལ་བོད་མིའི་གྲོང་སྡེ་ཡོད་ས་ཁག་ཅིག་རི་སྒང་དུ་ཡོད་པས་རྐང་ལམ་ཕྲ་མོ་ཙམ་ལས་རྟ་དང་མཛོ་སོགས་ཐར་གྱིན་མེད་པས་ཅ་དངོས་སྐྱེལ་འདྲེན་གྱི་དཀའ་ངལ་ཆེན་པོ་འདུག རྒྱ་གར་གཞུང་གིས་གཟིགས་སྐྱོང་རོགས་རམ་འོག་ཆུ་དང་གློག་ལ་དེ་ཙམ་གྱི་དཀའ་ངལ་ཆེན་པོ་མེད་ཀྱང་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་ཉི་གློག་གཏོང་འཆར་ཡོད་ཚུལ་མི་མང་གིས་རེ་བ་བྱེད་ཀྱིན་འདུག

ས་གནས་འདིར་གསར་ཏུ་གཞེངས་བའི་རྙིང་དགོན་ངེས་གསང་མདོ་སྔགས་ཆོས་གླིང་ནི་ས་གནས་མི་མི་མང་གི་སེམས་རྟེན་དང་། ནང་བསྟན་རིག་གཞུང་གི་ཁོར་ཡུག་གལ་ཆེ་ཞིག་ཆགས་ཡོད་ལ། བོད་ས་མ་ཤོར་བའི་སྔོན་ནས་བོད་ཀྱི་སྐྱེས་ཆེན་དམ་པ་ཚོས་བཞེངས་བའི་མཆོད་རྟེན་དང་དགོན་པ་ཁག་ཅིག་ཀྱང་འདུག དགོན་པ་གསར་གཞེངས་ཀྱི་ཆེད་དཔལ་ལྡན་ཆོས་རིག་ལས་ཁུངས་ངོས་ནས་མཐུན་འགྱུར་ཞལ་འདེབས་གང་འཚམ་གནང་འདུག་ཀྱང་ད་དུང་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་ས་གནས་ཚང་མས་ཞུ་གི་འདུག

ས་གནས་འདིར་ཡུལ་མི་གློ་བ་དང་བོད་རིགས་མཉམ་གནས་ཡོད་པ་དང་། མི་རྣམས་ཀྱི་གོམས་གཤིས་ལ་གདོད་མིའི་སྤྱི་ཚོགས་ཀྱི་གྲུབ་ཆ་མང་། སྐྱེས་པ་རྣམས་ཀྱི་ཤིང་ཤུབས་ཅན་གྱི་གྲི་རིང་རེ་བཏགས་ཏེ་འགྲོ་བ་ནི་ཤིང་ནགས་ཁྲོད་དུ་གཅན་གཟན་ལ་ཟོན་གྱི་ཆེད་དུ་ཡིན་ཤས་ཆེ་ནའང་། ཡུལ་སྲོལ་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད། མི་རྣམས་ཆོས་ལ་དད་པ་ཆེ་བ་དང་། ནང་གི་འཚོ་གནས་ཀྱི་ཆ་རྐྱེན་དེ་ཙམ་མི་བཟང་ནའང་མཆོད་སྟེགས་སྟེང་ན་ལྷེམ་ལྷེམ་དུ་འབར་བའི་མཆོད་མེ་རེ་ཡོད་ངེས་པ་ཞིག་རེད།

ས་གནས་བོད་རིགས་མང་ཤོས་ཀྱིས་པདྨ་བཀོད་པའི་ལུང་སྐད་རྒྱག་གིན་འདུག་མོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭ་དང་། དགོན་པ། དམག་མི་བཅས་ཀྱི་ཁོངས་སུ་ཞུགས་མྱོང་མཁན་ཚོས་བོད་སྐད་བཤད་བཞིན་ཡོད། ས་གནས་འདིའི་བྱིས་པ་ཚོར་དབུས་བོད་མིའི་གཞུང་གི་ངོས་ནས་དམིགས་བསལ་གྱིས་སློབ་གྲྭ་འགྲོ་ཚེ་སློབ་ཡོན་འབུལ་མི་དགོས་པ་བྱེད་ཀྱིན་ཡོད་ལ། གུང་གསེང་དུ་ཡར་མར་འགྲོ་སྐབས་ཀྱང་གླ་ཆ་དཔལ་ལྡན་ཤེས་ལས་ཁུངས་བརྒྱུད་གཏོང་བཞིན་ཡོད། གཞན་ཡང་རྒས་གཅོང་སོགས་སྡེ་ཚན་གསུམ་གྱི་ཁོངས་སུ་གཏོགས་པའི་ཉམ་ཐག་གི་འཚོ་སྣོན་ཅན་མང་པོ་ཞིག་ལ་གཟིགས་གསོལ་གནང་བཞིན་ཡོད།

ཀྲུ་ཀྲིང་ངམ་པདྨ་བཀོད་པར་ཡོད་པའི་སྐྱབས་བཅོལ་བོད་མི་ཚོ་ས་གནས་གཞན་དུ་གནས་སྤོར་གྱི་སྐད་ཆ་བཤད་མྱོང་བ་དང་། ད་དུང་འང་གནས་སྡོད་གཏན་འཁེལ་བ་ཞིག་མེད་ནའང་ཁོར་ཡུག་འདི་ནི་བོད་གངས་ལྗོངས་ཡུལ་གྱི་བཀོད་པ་དང་ལས་དབང་གཅིག་ཏུ་འབྲེལ་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་དང་། གནས་ཀྱི་བྱིན་རླབས་ལྡན་པ། རང་བྱུང་ཁོར་ཡུག་ལ་དགེ་བཅུ་ཚང་བ། གདོད་མའི་བོད་ཀྱི་རིག་གཞུང་དང་གོམས་གཤིས་ལྡན་པ་མ་ཟད། རྒྱ་གར་གཞུང་གི་མཐའ་སྲུང་དམག་མི་མང་རུ་འགྲོ་བ་སོགས་རིམ་གྱིས་ཕྱིའི་དཔལ་འབྱོར་དང་། འགྲིམ་འགྲུལ་ལམ་ཁ་སོགས་ཀྱང་ཡར་རྒྱས་སུ་འགྲོ་ངེས་ཅན་ཡིན་པས་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་མི་ལོ་ལྔ་བཅུར་གནས་ཡུལ་བྱས་པའི་ས་གནས་འདིར་བོད་ལ་རང་དབང་གི་བདེན་མཐའ་མ་གསལ་བར་མུ་མཐུད་གནས་སྡོད་དང་། སྲ་བརྟན་ཡོང་རྒྱུར་ཤུགས་སྣོན་བྱེད་རྒྱུར་གལ་ཆེ་བར་མཐོང་།

ཏི་ཛུ་ས་གནས་འགོ་འཛིན་གྱིས་ས་གནས་གཉིས་ཀྱི་འགོ་འཛིན་གཅིག་ལྕོགས་གནང་བཞིན་ཡོད་པ་དང་། ད་ཆར་ས་གནས་འདིར་འགོ་འཛིན་ཟུར་དུ་མེད་པའི་རྐྱེན་གྱིས་འཛིན་སྐྱོང་དང་མི་མང་ཁ་ཐག་རིང་བ། དབུས་དང་ས་གནས་ཀྱི་འབྲེལ་བ་བྱེད་ཕྱོགས་སྟབས་བདེ་མི་ཡོང་བ། ས་གནས་ལས་ཁུངས་དང་ས་གནས་མི་མང་བར་གྱི་འབྲེལ་བ་ཚགས་ཚུད་དཀའ་བ། ས་གནས་འཐུས་ཚོགས་དང་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་སོགས་ཚགས་ཚུད་དཀའ་བ། མི་མང་གིས་ས་གནས་ལས་ཁུངས་ལ་གདེང་འཇོག་མེད་པ།  ས་གནས་ནང་བོད་ཀྱི་སྐད་ཡིག་དང་། གོམས་གཤིས། རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་རྒྱུར་ནུས་པ་འདོན་ཐབས་དཀའ་བ་སོགས་རྒྱུ་མཚན་མང་པོ་ཞིག་འདུག་ན་ས་གནས་སུ་འགོ་འཛིན་ཆེད་གཏོང་གིས་ལྷ་རབ་བྱུང་ན་རྒྱུན་མཐུད་དང་། དེ་མ་བྱུང་ཕྱིན་ལོ་ངོ་རེ་ཟུང་ལ་ཚོད་ལྟའི་ངོ་བོའི་ཐོག་གྲུབ་འབྲས་ལ་དཔྱད་བསྡུར་བྱེད་རྒྱུ་གལ་ཆེ་བ་མཐོང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞིས་ཆགས་སྲ་བརྟན་དང་། གྲོང་སྡེ་སྲ་བརྟན་གྱི་སྲིད་བྱུས་ཤིག་འཛིན་བཞིན་ཡོད་པས་ས་གནས་འདིར་སྲ་བརྟན་སྲིད་བྱུས་ལ་དགོས་ངེས་ཅན་གྱི་ཆ་རྐྱེན་ཁག་ནི།

༡༽ས་གནས་འགོ་འཛིན་ཟུར་དུ་དགོས་པ་དང་། འབྲེལ་མཐུད་ལས་ཁུངས་ཁང་གླའི་ངོ་བོར་ཡོད་པར་བརྟེན་ས་གནས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་ཤིག་དགོས་གལ།

༢༽ས་གནས་འབྲེལ་མཐུད་ལས་ཁུངས་དང་། འཐུས་མི་ཚོགས་འདུ་སོགས་གང་ལའང་རླངས་འཁོར་གཅིག་ཀྱང་མེད་པས་ས་གནས་སུ་མགྲོན་པོ་འབྱོར་བ་དང་། མི་མང་སྨན་ཁང་དུ་འགྲོ་བསྐྱོད་གང་ཅིར་འགྲིམ་འགྲུལ་གྱི་དཀའ་ངལ་ཡོད་པ་དངོས་འབྲེལ་ཡིན་པས་སྤྱི་ལ་ཕན་ཐོགས་ཡོང་བའི་རླངས་འཁོར་ཞིག་ངེས་པར་དགོས་གལ།

༣༽ས་གནས་སུ་སྐྱབས་བཅོལ་བོད་མིའི་བུ་གསོ་ཁང་མེད་པའི་རྐྱེན་གྱིས་ཕ་མ་ཞིང་ལས་པ་རྣམས་ཀྱིས་བུ་ཕྲུག་ཞིང་ཁར་འཁྲིད་རྒྱུ་དཀའ་ངལ་ཆེ་བ་དང་། ཡུལ་མིིའི་བུ་གསོ་ཁང་དུ་བཞག་ཚེ་བོད་སྐད་དང་བོད་ཡིག་གང་ཡང་ལབ་ཀྱིན་མེད་པས་ལོ་ན་སོན་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭ་ཁག་ཏུ་གཏོང་སྐབས་ལོ་ཚོད་དང་འཛིན་གྲྭ་ཆ་མཉམ་མིན་པར་བརྟེན་སློབ་སྦྱོང་རྗེས་ལུས་དང་། ལོ་དང་གཟུགས་བབ་ལ་དཔག་པའི་འཛིན་གྲྭར་མ་འཚམ་པའི་རྐྱེན་གྱིས་སློབ་གྲྭ་ནས་བསྡད་འདོད་མེད་མཁན་མང་པོ་ཞིག་ཀྱང་ཐོན་བཞིན་ཡོད་འདུག་ན་ས་གནས་སུ་བུ་གསོ་ཁང་ཞིག་ངེས་པར་དགོས་གལ།

ཏི་ཛུ་དར་རྒྱས་གླིང་དང་། མེའོ་ཆོས་འཕེལ་གླིང་གཞིས་ཆགས་གཉིས་ཀྱི་གནས་བབ་སྤྱི་འགྲོས།

གཞིས་ཆགས་འདི་གཉིས་ཀྱི་མི་འབོར་མང་ཤོས་ནིི་པདྨ་བཀོད་དང་། བོད་ཀྱི་ས་མཚམས་ཁག་ནས་ཕེབས་མཁན་ཡིན་པ་དང་། ༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་གཟིགས་གསོལ་དང་། རྒྱ་གར་གཞུང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་མཐུན་འགྱུར། མི་རབས་རྒན་པ་དག་གིས་དཀའ་སྤྱད་ཀྱི་འབྲས་བུ་མངོན་དུ་གྱུར་བ་ལ་བརྟེན་ནས་གཞིས་ཆགས་གཉིས་ཀྱི་ས་ཆའི་ཁོག་ཡུག་བཟང་བ་དང་། གཞིས་ཆགས་ལས་ཁུངས་དང་། མི་མང་མཉམ་འབྲེལ་མ་ལག་དང་བཅས་པ་ཆགས་སྟངས་ཀྱི་བཀོད་དབྱིབས་ཧ་ཅང་བཟང་།

གཞིས་ཆགས་འདི་གཉིས་སུ་སྤྱི་མཚུངས་གཞིས་ཆགས་ལ་ཡོད་པའི་ཆ་རྐྱེན་ཆ་ཚང་བ་ཞིག་གི་གྲུབ་ཆ་ཚང་ཡོད་ལ། ལས་དོན་ཚགས་ཚུད་དང་ཡར་རྒྱས། མི་མང་གི་འཚོ་གནས་བཅས་ཀྱི་ཕྱོགས་སུ་དཀའ་ངལ་གྱི་བདེ་སྡུག་ཞུ་དོན་མང་ཙམ་ཡོད་ཀྱང་རང་གཞུང་ལྷན་ཁང་ཁག་དང་། བོད་མི་མང་ཡུ་རོབ་སྤྱི་འཐུས་དགེ་བཤེས་དབང་ཆེན་གྱི་རོགས་ཚོགས་སོགས་ནས་ཀྱང་སྔ་ཕྱིར་རོགས་རམ་གང་འཚམ་གནང་བཞིན་ཡོད་འདུག

ས་གནས་ཀྱི་མི་རྣམས་རང་བཞིན་དྲང་བ་དང་། གཤིས་རྒྱུད་བཟང་བ། ཆོས་སེམས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད་བོད་སྤྱིའི་རྩ་དོན་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་འོག་ལངས་ཕྱོགས་བརྟན་བཟུང་དང་། ནང་ཁུལ་ཆིག་སྒྲིལ་གྱི་རྣམ་འགྱུར་ལ་བསྔགས་འོས་ཀྱི་བཟང་ཆ་མཆིས།

ས་གནས་ཁུག་ཀྱོག་དང་། མཐའ་མཚམས་ཡིན་པར་བརྟེན་དམིགས་བསལ་དཔལ་འབྱོར་གྱི་ཐོན་ཁུངས་མེད་པ་དང་། འགྲོ་འོངས་སོགས་ཀྱི་ཆ་ནས་རང་དབང་ཆ་ཚང་བ་ཞིག་མེད་མོད། ལོ་གཅིག་གི་ནང་སྟོན་ཐོག་ཐེངས་གཉིས་སུ་འདེབས་ལེན་བྱེད་ཀྱིན་ཡོད་པས་ཟ་འཐུང་ལ་དཀའ་ངལ་དེ་ཙམ་མེད། མེའོ་གཞིས་ཆགས་ཀྱི་མི་ཚང་རེ་ནང་དང་སློབ་ཁོངས་མེད་པ་ཕལ་ཆེར་མེད་པས་དམག་མི་བཟང་སྤྱོད་ཅན་ཚོས་ནང་ལ་དངུལ་གྱི་ཕན་ཐོགས་ཡོང་བཞིན་ཡོད་འདུག

ས་གནས་གསུམ་གྱི་ཁང་པ་རྒྱག་སྟངས་ནི་གནའ་བའི་གོམས་སྲོལ་ཅན་ཞིག་ཡིན་ལ་ཤིང་དང་ཨར་འདམ་གང་རུང་གི་ཀ་བ་ཐུང་ཙམ་སྟེང་ཁང་པའི་རྨང་གཞི་འདིང་བཞིན་ཡོད། མི་ཚང་སྐྱོ་བོའི་གྲས་ཀྱིས་ཁང་པ་ཤིང་སྒམ་ཐེབ་ཆག་ཅིག་གི་སྟེང་དུ་ཀླད་རྩྭ་བཀབ་ཡོད་པས་འཁོན་འཛིན་ཅན་གྱིས་གནོད་འཚེ་གཏོང་འདོད་ཚེ་འབར་ཞུན་རྐང་གཅིག་གི་འགུལ་བསྐྱོད་ལས་མེད་པས་ཉེན་ཁ་ཆེ་བ་ཞིག་ཀྱང་ཡོད།

ས་གནས་ཀྱི་སློབ་གྲྭ་ཁག་ནང་སློབ་ཕྲུག་མང་ཙམ་ཡོད་ལ། ཏི་ཛུ་གཞིས་ཆགས་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་ཡོད་པས་ཉེན་ཁ་དང་དཀའ་ངལ་སེལ་ཐབས་ཀྱི་རོགས་རམ་ཞིག་སྙན་ཐོར་ཞུས་སོང་མོད། མེའོ་ས་གནས་ཀྱི་བུ་གསོ་ཁང་དང་། སྔོན་འགྲོ ཉིན་སློབ་ཚང་མའི་ནང་ལོ་ཚད་འདྲ་མཉམ་གྱི་ཕྲུ་གུ་བཞིན་བཟང་བའི་གྲངས་འབོར་ཧ་ཅང་མང་བས། འགོ་ཁྲིད་ཅིག་གིས་ཀུ་རེ་ཚུལ་དུ་ང་ཚོའི་ས་གནས་འདི་བུ་ཕྲུག་གི་ཐོན་ཁུངས་ཡག་ཤོས་ཤིག་ཡིན་ཅེས་བརྗོད་པའང་དོན་དངོས་ལྟ་བུ་འདུག

མེའོ་གཞིས་ཆགས་སུ་འབུར་དུ་ཐོན་པའི་བསྔགས་འོས་ཀྱི་ལས་གཞི་ཞིག་ཡོད་པ་ནི་ལས་ཞོར་སློབ་གྲྭ་རེད། ལས་ཞོར་སློབ་གྲྭ་ནི་ཉིན་ལྟར་དགོང་དྲོ་ཆུ་ཚོད་༥།༣༠་ནས་༧།༣༠་བར་འཚོགས་བཞིན་ཡོད་ལ། ད་ཆར་འཛིན་རིམ་མང་པོ་ཞིག་གི་དབྱེ་གསེས་བྱས་ཡོད། ལས་ཞོར་སློབ་མ་ལོ་ཆེ་ཤོས་ནི་ ༦༥ དང་། ཆུང་ཤོས་ནི་ལོ་གྲངས་བཅུ་གསུམ་ཅན་ཡིན། ལས་ཞོར་སློབ་གྲྭ་ཚུགས་ནས་ལོ་ངོ་གསུམ་ཙམ་འགྲོ་བཞིན་ཡོད་ལ། ད་ཆར་མི་ཚེར་ཡི་གེར་ལྟ་མ་མྱོང་མཁན་གྱི་ཨ་མ་རྒན་རྒོན་ཚོས་ཀྱང་ཞལ་འདོན་སོགས་ཆུ་བཞུར་བཞུར་གྱིས་ཤར་ཀློག་བྱེད་བཞིན་ཡོད། ལས་གཞི་འདི་ནི་ས་གནས་གཏན་སློབ་དགེ་རྒན་རྒན་ཀརྨ་ལགས་དང་། མཉམ་འབྲེལ་ལས་བྱེད། ས་གནས་དབུ་མའི་ལམ་གྱི་ལས་བྱེད་སོགས་ཀྱིས་དང་བླངས་ཀྱི་འགོ་བཙུགས་པ་དང་། ས་གནས་འགོ་འཛིན་ལས་ཁུངས་དང་། འཐུས་ཚོགས། རང་བདེན་ཚོགས་ཆུང་། སྤྱི་མི་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག དེ་བཞིན་དང་བླངས་མི་མང་གིས་རྒྱབ་སྐྱོར་བྱས་པ་ལས་གྲུབ་འབྲས་ཐོན་པ་ཞིག་རེད་འདུག

ལས་གཞི་འདིར་བཀའ་ཁྲི་འབུམ་རམས་པ་བློ་བཟང་སེང་གེ་ལགས་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། སྤྱི་འཐུས་སྒྲོལ་དཀར་ལྷ་མོ་དང་། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་སོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་གནང་ཡོད་འདུག