སྤྱི་འཐུས་རྒྱུན་ལས་རྣམས་ལྡི་ལིར་ཆེད་ཕེབས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མི་སོགས་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ཉིན་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་ བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་༢༤འཁོར་བའི་གཞུང་འབྲེལ་མཛད་སྒོ་གྲུབ་ མཚམས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་ དབུས་སྤྱི་འཐུས་རྒྱུན་ལས་ལྷན་རྒྱས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་གྲོས་ ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་འཆར་གོ་སྒྲིག་ལྟར་ལྡི་ལིར་ཆེད་ཕེབས་ གནང་།

ཕྱི་ཚེས་ ༡༡ ཉིན་རྒྱུན་ལས་རྣམ་པ་དང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་ ལས་ལྷན་རྒྱས་བཅས་ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ལྕམ་སྐུ་ཤི་ལ་ དྷེ་ཤི་ Smt,Sheila Dikshit,མཆོག་གི་བཞུགས་ཤག་ཏུ་ཆེད་བཅར་གྱིས་ད་བར་ཁོང་སྤྱི་ཁྱབ་བློན་ཆེན་གནང་ རིང་བོད་དོན་ལ་རྒྱབ་སྐྱོར་གནང་བ་དང་། དམིགས་བསལ་བོད་སྒར་བསམ་ཡས་གླིང་གི་གནས་སྟངས་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་སྐྱབས་ འཇུག་གནང་བ་བཅས་ལ་བཀའ་དྲིན་རྗེས་དྲན་དང་། ཁོང་ཉིད་ཀོང་རེ་སི་Congressཆབ་སྲིད་ཚོགས་པའི་ཚོགས་མི་རྒན་གྲས་ཤིག་ལ་སོང་མ་ འོངས་པར་ཡང་སྔར་བཞིན་བོད་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་ཛ་དྲག་གནས་སྟངས་ལ་ རྒྱུན་དུ་ཐུགས་ཁུར་གནང་སྐྱོང་ཡོང་བ་ཞུས་སྐབས་དགྱེས་ཚོར་དང་བཅས་ཞལ་བཞེས་བཟང་ པོ་ཐོབ་པ་བྱུང་ཡོད།

དེ་ཉིན་གྱི་དགོང་མོ་བོད་སྒར་བསམ་ཡས་གླིང་དུ་སྤྱི་འཐུས་ཚོགས་གཞོན་དབུ་ བཞུགས་ཐོག་སྤྱི་འཐུས་རྣམས་དང་། བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ ཡིན་པའི་ཚོགས་སྡེ་ཁག་གི་འགན་ཁུར་མི་སྣ་ ༡༥ ཙམ་གྱིས་སྣེ་ལེན་ཐོག་བཞུགས་མོལ་ཚོགས་འདུ་གནང་སྟེ་གཞིས་སྒར་དང་ལ་དྭགས་བྷོ་ དྷི་བྷི་ཝ་གྱི་དཀའ་ངལ་གནས་སྟངས་སྤྱི་དང་བྲེ་བྲག་རྣམས་རེ་རེ་བཞིན་སྙན་སེང་ ཞུས་པར་ཚོགས་གཞོན་མཆོག་གིས་དབུས་པས་སྤྱི་འཐུས་རྣམ་པས་དྲི་བར་ལན་འདེབས་དང་ གསལ་བཤད། མ་འོངས་པའི་འགན་ཁུར་གནང་ཕྱོགས་གྱི་ལམ་སྟོན། ལས་གཞི་ཁག་ལ་ལས་དོན་འཆར་སྒྲིག་གནང་ཕྱོགས། དཀའ་ངལ་ཆེ་རིགས་ལ་གདོང་ལེན་ཇི་དགོས་དགོངས་བཞེད་གནང་རྒྱུ་ཡིན་སྐོར་སོགས་ཕན་ ཚུན་བཀའ་མོལ་ལྷུག་པོ་གནང་།

ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་བོད་སྒར་བསམ་གླིང་དུ་ལྡི་ལི་ཇོ་ཧལ་ནེཧ་རུའི་Jawaharlal Nehru Universityགཙུག་ལག་སློབ་གཉེར་ཁང་གི་འབུམ་རམ་པ་ཡེ་ཤེས་ཆོས་སྒྲོན་དང་། ལྡི་ལི་ཨ་རིའི་དཔེ་མཛོད་ཁང་གི་མཁས་དབང་པདྨ་རྡོ་རྗེ་གཉིས་ལྷན་རང་རིགས་ཀྱི་ མི་སྣ་ཁག་གིས་སྤྱི་ཚོགས་གཞན་པའི་ནང་ཕྱག་ལས་གནང་བའི་མྱོང་ཚོར་དང་། ནེཧ་རུའི་གཙུག་ལག་སློབ་གཉེར་ཁང་གི་ནང་ཡོད་བོད་ཕྲུག་ཚོའི་གནས་སྟངས་དང་། སློབ་མར་གཟིགས་རྟོགས་གནང་ཕྱོགས། རྒྱལ་སྤྱིའི་ཐོག་ནས་གནས་ཚུལ་མཁོ་སྒྲུབ་གནང་ཕྱོགས་དང་། གལ་ཆེའི་ལོ་རྒྱུས་ཡིག་ཆ་ཁག་ཉར་ཚགས་གནང་ཕྱོགས་སྐོར་བཅས་ཉམས་མྱོང་གི་གནས་ སྟངས་དང་། སྤྱི་འཐུས་རྣམ་པས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་བ་ལངས་ཕྱོགས་དང་། ཕྱག་ལས་གནང་སྟངས་སོགས་ངོ་སྤྲོད་གནང་སྟེ་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས།

དགོང་མོ་ལྡི་ལི་གསར་པའི་Tha Claridgesགསོལ་མགྲོན་ཁང་དུ་རྒྱ་གར་གཞུང་གི་ཕྱི་སྲིད་དང་དཔལ་འབྱོར་བློན་ཆེན་ ཟུར་པ་དང་། བྷེ་ཇི་པི་ཚོགས་པའི་ཚོགས་མི་རྒན་གྲས། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shri,Yashwant Sinha མཆོག་གིས་དབུས། Shri,Sharad Yadav, Dr,Thakchom Meinya, Smt,Najma Heptulla, Janab Hassan Khan, Shri,Avinash Rai Khanna, Shri,Amar Singh, Shri,Joseph Toppo, Smt,Bimla Kasyap Sood, Shri,Shanta Kuamr, Shri,Alok Tiwari, Shri,Bashistha N. Singh,སྲིད་དོན་ཚོགས་པ་མ་འདྲ་བ་ཁག་གི་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་ མི་བཅས་ལ་དགོང་ཚིགས་འདེགས་འབུལ་སྐབས། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡཤ་ཝནཏ་ སིནྷ་ Shri,Yashwant Sinha མཆོག་ནས་གསུངས་བཤད་གནང་དོན་བོད་ནང་གི་ཡ་ང་བའི་དངོས་ཡོད་གནས་སྟངས་གསལ་བཤད་ དང་བཅས་རྒྱ་གར་གྱིས་བོད་ཀྱི་གནད་དོན་ཐད་ཇི་ཙམ་གནང་ཐུབ་པ་དེ་བཞིན་གནང་མེད་པ་ དང་། རྒྱ་གར་ནི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་རྒྱ་གར་ནང་གཞུང་འབྲེལ་བཞུགས་བཞིན་པའི་དུས་བོད་གི་གནད་དོན་ ཐད་རྒྱ་གར་གཞུང་ནས་བཞེངས་ཕྱོགས་བརྟན་པོ་ཞིག་ལེན་ཐུབ་མེད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ཀྱི་དྲང་བདེན་མིན་པའི་སྡུག་རྩུབ་ཅན་གྱི་བྱ་ཕྱོགས་ལ་ཅང་ མི་སྨྲ་བའི་བྱ་སྤྱོད་འདི་འགྱུར་བ་གཏོང་དགོས་པ་དང་འགྱུར་བ་དེ་ཡང་བོད་ཀྱི་ གནང་དོན་ཐད་གྲོས་ཚོགས་འཐུས་མི་ཚོས་རང་ནུས་གང་ཐུབ་ཀྱི་རྒྱུས་ལོན་བྱས་ཏེ་ སྡིངས་ཆ་ནམ་བྱུང་སྐབས་རྒྱ་གར་ཙམ་མ་ཟད་རྒྱལ་སྤྱིའི་ནང་བོད་ཀྱི་གནས་སྟངས་དང་ བོད་མིའི་འཐབ་རྩོད་ངོ་སྤྲོད་ཀྱིས་དོ་སྣང་འགུག་ཐབས་གནང་དགོས་པ་དང། བོད་དང་བོད་མིའི་འཐབ་རྩོད་ལ་དགོས་ངེས་ཀྱི་ནུས་ཤུགས་སྤུངས་གནང་དགོས་པའི་ འབོད་སྐུལ་གནང་།

ཡང་ཁོང་གིས་ཁོང་ཉིད་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ གཙོའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྲོས་ཚོགས་ ནང་གདན་ཞུས་ཀྱིས་གྲོས་ཚོགས་ཀྱི་དཔེ་མཛོད་དམ་ཉེ་འདབས་གང་རུང་ཞིག་ཏུ་གྲོས་ ཚོགས་འཐུས་མི་ཚོར་བཀའ་སློབ་གསུང་བཤད་ཅིག་ཡོང་ཐུབ་པའི་འབད་རྩོན་ཞུས་གནང་ཡོད་ ཚུལ་དང་། ཁོང་གི་རེ་བར་གྲོས་ཚོགས་འཐུས་མི་ཚོའི་རྒྱབ་སྐྱོར་ལ་བརྟེན་ནས་མ་འོངས་པར་རྒྱ་ གར་གིས་བོད་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་ཞིག་ཡོང་བའི་རེ་བ་གནང་བ་དང་ རྒྱ་གར་དང་བཙན་བྱོལ་བོད་ཀྱི་གྲོས་ཚོགས་ཀྱི་འབྲེལ་བ་སྔར་ལྷག་དམ་ཟབ་ཡོང་བའི་ སྨོན་འདུན་ཡང་ཞུས་གནང་བ་སོགས་ཀྱི་གསུངས་བཤད་གནང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ གིས་དེ་སྔོན་བོད་དོན་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་སྐུ་ཞབས་མོ་ཧན་སིནྷ་ Shri,Mohan Singhམཆོག་དང་། སྐུ་ཞབས་བྷིར་ཇི་བྷུ་ཤན་ཏི་ཝ་རི་ Shri, Brij Bhushan Tiwariམཆོག་གྲོགས་པོ་རྙིང་པ་ཁག་ཅིག་ད་ཆ་འཇིག་རྟེན་འདིར་བཞུགས་མེད་ཀྱང་ཁོང་ རྣམ་པས་བོད་དོན་ལ་རྒྱབ་སྐྱོར་དང་། ༸གོང་ས་མཆོག་ལ་གུས་བཀུར། སོ་སོའི་རྒྱལ་ཁབ་དང་ཆབ་སྲིད་ཚོགས་པའི་ནང་ཕྱག་ལས་གནང་བའི་མཛད་རྗེས་རྣམས་ གསོན་པོར་གནས་ཡོད་སྐོར་རྗེས་དྲན་ཞུ་གནང་བ་དང་། དེ་རིང་འདིར་ཆེད་ཕེབས་གནང་བའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་ད་བར་བོད་དོན་ ཆེད་སྐུ་ལས་བསྐྱོན་པ་རྣམས་ལ་བོད་མི་མང་གི་ཚབ་ཞུས་ཏེ་རྗེས་སུ་ཡི་རང་དང་ཐུགས་ རྗེ་ཆེ་ཞུ་གནང་།

བོད་ནང་གི་བོད་མི་རྣམས་མི་ལོ་ ༥༠ ལྷག་རིང་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་པ་མ་ཟད། བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་གཞུང་གིས་ད་ལྟ་བོད་ཐོག་འཛིན་བཞིན་པའི་སྲིད་ བྱུས་ལ་འདོད་པ་མེད་བ་གསལ་པོ་རེད་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་ནས་ཞི་རྒོལ་གནང་བ་དང་། ད་ལྟ་ཆེས་སེམས་འཚབ་སྐྱེ་གཞི་ཞིག་ནི་ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ལ་དཀོན་མཆོག་ཚེ་བརྟན་བར་བོད་མི་ ༡༢༣ གྱིས་རང་ལུས་མེར་སྲེག་བཏང་དགོས་བྱུང་བ་དང་ཁོང་རྣམས་ཀྱི་མངོན་འདོད་༸གོང་ས་ མཆོག་བོད་ནང་གདན་ཞུ་དགོས་པ་དང་། བོད་མིར་རང་དབང་དགོས་པ་སོགས་དགོས་འདུན་གསལ་པོ་སྟོན་ཡོད་ད་དུང་མུ་མཐུད་ཛ་ དྲག་ཆེ་རུ་འགྲོ་བཞིན་ཡང་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་ མེད་སྐོར་དང། ང་ཚོས་གཉིས་ཕན་གྱི་སྲིད་བྱུས་འཛིན་ཏེ་བོད་རྒྱ་འབྲེལ་ལམ་ཡོང་ཐབས་སོགས་མུ་ མཐུད་འབད་བརྩོན་བྱེད་བཞིན་ཡོད་ནའང་རྒྱ་གཞུང་གིས་ད་བར་བཟང་ཕྱོགས་ཀྱི་རྣམ་པ་ གསལ་པོ་གང་ཡང་མདུན་སྐྱོད་གནང་གི་མེད།

༸གོང་ས་མཆོག་གི་གསུངས་པ་བཞིན་རྒྱ་གར་ནི་ང་ཚོའི་དགེ་རྒན་དང་ང་ཚོ་དགེ་ ཕྲུག་གི་ངོ་བོར་ལོ་རྒྱུས་ཀྱི་གྲུབ་ཡོད། བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་གྲངས་ལྔ་བཅུ་ལྷག་བརྒལ་ཡང་བོད་མི་རྣམས་ ཀྱིས་ཐེ་ཚོམ་མེད་པར་རྒྱ་གར་ཞུང་མང་གཉིས་ལ་ཡིད་ཆེས་དང་གུས་བཀུར་ཞུ་བཞིན་ཡོད། རྒྱ་གར་གཞུང་དང་མི་མང་གྲོས་ཚོགས་བཅས་ཀྱིས་ད་བར་བོད་དོན་ལ་རྒྱབ་སྐྱོར་ལྷོད་ མེད་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་དང། མ་འོངས་པར་རྣམ་པ་དང་ཐབས་ལམ་གསར་པའི་ཐོག་ནས་བོད་དོན་ལ་ནུས་འབྲས་ཐོན་པའི་ དགོངས་བཞེས་དང་རྒྱབ་སྐྱོར་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་ཅེས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་མིར་མང་གཙོ་གསོལ་རས་གནང་སྟེ་བཙན་ བྱོལ་གྱི་གྲོས་ཚོགས་འདི་ཡང་མི་ལོ་ ༥༠ ལྷག་བརྒལ་ཟིན་ཡོད་ཅིང་རྒྱ་གར་གྲོས་ཚོགས་འཐུས་མི་ཁྱེད་རྣམས་ཀྱིས་ང་ཚོར་ཕན་ ཚུན་ཕ་མ་དང་བུ་ཕྲུག་གི་འབྲེལ་ལམ་བཞིན་གནས་ཐུབ་པ་དང་ཕན་ཚུན་བསམ་ཚུལ་བརྗེ་ ལེན་གྱི་གོ་སྐབས་གནང་བ་འདི་ལྟ་བུ་གལ་ཆེན་པོ་བརྩི་བཞིན་ཡོད།

༸གོང་ས་མཆོག་ནུབ་ཕྱོགས་ཡུལ་གྲུར་ཆིབས་བསྒྱུར་སྐབས་རྒྱ་གར་ནི་ཆོས་ལུགས་ དང་རིག་གཞུང་མཉམ་གནས་ཐུབ་པའི་དམིགས་དཔེ་བལྟ་སའི་རྒྱལ་ཁབ་གལ་ཆེན་ཞིག་ཆགས་ ཡོད་ཚུལ་གསུངས་བཞིན་ཡོད་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ ནི་རླབས་ཆེ་བ་དང་། དོན་དང་ལྡན་པ་ཞིག་ཡིན་པས་བཀའ་སློབ་ཞུ་རྒྱུ་ནི་གལ་ཆེན་པོ་ཞིག་ཆགས་ཡོད་པས་ གྲོས་ཚོགས་ཀྱི་འཐུས་མིས་གདན་ཞུས་ཀྱིས་གྲོས་ཚོགས་ར་བའི་ནང་བཀའ་སློབ་དགྱེས་ སྩལ་ཡོང་བའི་སྐོར་ལ་ཁྱེད་རྣམ་པས་འབད་བརྩོན་གནང་དང་གནང་མུས་དེར་ཡི་རངས་ བསྔགས་བརྗོད་ཞུ་རྒྱུ་དང་དོན་འབྲས་སོན་པ་ཞིག་ཡོང་བའི་རེ་བ་ཡང་ཞུ་རྒྱུ་ཡིན།

མ་འོངས་པར་རྒྱ་གར་འོས་བསྡུ་ཆེན་མོའི་ནང་ཁྱེད་རྣམས་མུ་མཐུད་གྲོས་ཚོགས་ འཐུས་མི་རུ་བཞེངས་ཐུབ་པའི་རེ་བ་དང་། བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་ཡོང་ཐབས། འབྱུང་འགྱུར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ ཚོགས་ཆེན་ཐེངས་བདུན་པའི་ནང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་གང་མང་ཞུགས་ཐུབ་ པའི་འབད་བརྩོན་གནང་རོགས་ཞེས་སོགས་གསུངས་ཏེ་ཕྱག་རྟགས་དང་མཇལ་དར་འབུལ་བཞེས་ གནང་། རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ཀྱང་ཐུགས་དགྱེས་ཚོར་ཆེན་པོའི་ངང་བོད་ དོན་སྐོར་ལ་ནང་མོལ་ལྷུག་པོ་བྱུང་ཡོད། ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་ཚོགས་གཞོན་མཆོག་དང་རྒྱུན་ལས་རྣམས་རྡ་སར་ཕྱིར་ཕེབས་གནང་ཡོད་པ་ བཅས་ཀྱི་གནས་ཚུལ་སྙིང་བསྡུས་སོ།།