སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་དང་སྤྱི་འཐུས་དགེ་བཤེས་གངས་རི་མཆོག་རྣམ་གཉིས་སྤྱི་འཐུས་རྒྱུན་ལས་སུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༨ ཉིན་བོད་མི་མང་དབུས་གཙང་སྤྱི་འཐུས་དང་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། བོད་མི་མང་མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་རྣམ་གཉིས་ནས་སྐབས་ ༡༦ པའི་སྤྱི་འཐུས་ནས་རྩ་དགོངས་ཞུས་པར་བརྟེན། ཕྱི་ཟླ་ ༤ ཚེས་ ༡༦ ཉིན་དབུས་གཙང་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག་དང་། མདོ་སྨད་སྤྱི་འཐུས་དགེ་བཤེས་གངས་རི་མཆོག་རྣམ་གཉིས་སྤྱི་འཐུས་རྒྱུན་ལས་སུ་ཕེབས་གནང་ཡོད།

དེ་ཡང་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསར་དུ་ཕེབས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་གཉིས་ལ་འཚམས་འདྲི་དང་སྦྲགས་གསུང་དོན།

ཉེ་ཆར་དམ་འབུལ་སྐབས་ཞུས་པ་གཞིར་བཟུང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་ལས་ཡུན་ཟླ་གཅིག་ལྷག་ཙམ་མ་གཏོགས་མེད་ཀྱང་། རྒྱུན་ལས་ལ་ལས་འགན་མང་པོ་ཡོད་རེད། སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་ཡོངས་རྫོགས་རེ་རེ་བཞིན་སྙན་གསན་ཞུ་མི་དགོས་པར་རྣམ་པ་ཚོས་ཡིག་ཆའི་ངོ་བོའི་ཐོག་ནས་མཁྱེན་གྱི་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་སྤྱི་ཡོངས་ལྟར། སྤྱི་འཐུས་རྒྱུན་ལས་རྣམ་པ་ལས་བཅར་ཞུ་བཞིན་ཡོད་པ་དང་། ནམ་རྒྱུན་ཡིན་ན་བདུན་ཕྲག་གཅིག་ལ་རྒྱུན་ལས་ལྷན་འཛོམས་ཐེངས་གཉིས་རེ་ངེས་པར་དུ་འཚོགས་གནང་དགོས་ཀྱང་། ཉེ་བའི་ཆར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་སྐབས་རེ་བདུན་ཕྲག་གཅིག་ལ་ཐེངས་གཅིག་མ་གཏོགས་འདུ་འཛོམས་གནང་ཐུབ་ཀྱི་མེད། འོན་ཀྱང་ལས་དོན་མང་པོ་ཞིག་མཇུག་སྒྲིལ་གནང་གི་ཡོད་ཙང་། རྒྱུན་ལས་རྣམ་པའི་ངོས་ནས་དགོངས་པ་ཞུ་མི་དགོས་པ་གཙོ་འདོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་གནང་རྗེས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་ལྔ་པའི་སྡེ་ཚན་དང་། སྤྱི་འཐུས་མི་འགྲོ་ཆ་བགོས་ཞུས་ཡོད་པར་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༦ ནས་བསྐྱར་བཅོས་ཞུས་ཡོད་པ་གསལ་བསྒྲགས་གནང་བ་དང་། དེ་བཞིན་ད་རེས་ཆབ་སྲིད་སྡེ་ཚན་དུ་སྤྱི་འཐུས་རྒྱུན་ལས་མང་བ་བཞག་དགོས་དོན་ནི། ཉེ་བའི་གྲོས་ཚོགས་ནང་སྤྱི་འཐུས་མང་པོས་དུས་ཚོད་རིང་ཐུང་ལ་མ་ལྟོས་པར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་དགོས་ཀྱི་འདུག་གསུངས་པ་གཞིར་བཟུང་དེ་ལྟར་བཞག་པ་ཡིན་ཞེས་གསུངས་གནང་སོང་།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པ། རྒྱུན་ལས་ཀྱི་སྡེ་ཚན་ཞེས་པའི་འོག་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡ ནས་ ༢༠༢༡ ཟླ་ ༥ ཚེས་ ༣༡ བར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་ལྔ་པའི་སྡེ་ཚན་དང་། སྤྱི་འཐུས་མི་འགྲོ་ཆ་བགོས་ཞུས་ཡོད་པར་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༦ ནས་བསྐྱར་བཅོས་ཞུས་པ་གཤམ་གསལ། རྒྱུན་འབྲེལ་སྡེ་ཚན་དུ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག ཆབ་སྲིད་སྡེ་ཚན་དུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་མཆོག སྤྱི་འཐུས་དགེ་བཤེས་གངས་རི་མཆོག དེ་བཞིན་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་དུ་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་བཅས་ལ་ཐུགས་གཏན་འཁེལ་གནང་སྟེ་དངོས་སུ་ལས་འཁུར་ཞུས་གནང་ཡོད་པ་བཅས། །