སྤྱི་འཐུས་རྒྱུན་ལས་འཕོ་འགྱུར།

DSC04159༄༅། །བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་ལས་རྒྱུན་ལོ་གཅིག་ཡིན་ཞིང། སྤྱི་སྐབས་ ༡༥ པའི་རྒྱུན་ལས་ཚོགས་ཆུང་སྐབས་ ༤ པའི་ལས་རྒྱུན་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༣༡ ཉིན་རྫོགས་ཏེ་རྒྱུན་ལས་ཚོགས་ཆུང་སྐབས་ ༥ པ་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡ ནས་དབུ་འཛུགས་གནང་གི་ཡོད་པ་ལྟར། ད་ལམ་ཕྱི་ཟླ་ ༦ པའི་ཚེས་ ༡ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྒྱུན་ལས་སྐབས་ ༥ པའི་ལྷན་ཚོགས་ཐེངས་དང་པོ་གནང་ཡོད་པ་རེད།

རྒྱུན་ལས་སྐབས་བཞི་པའི་ཁོངས་ནས་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག སྤྱི་འཐུས་གངས་ལྷ་མོ་མཆོག སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་བཅས་ལས་རྒྱུན་ལོ་གཅིག་ཧྲིལ་པོ་གཙང་སྟེ་འཕོས་ཀྱི་ཡོད་པ་དང། གོང་གསལ་སྤྱི་འཐུས་རྣམ་པ་བཞི་ཕུད། ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་སྐབས་བཞི་པའི་རྒྱུན་ལས་ཚོགས་མི་རྣམ་པ་དྲུག་རྒྱུན་ལས་སྐབས་ལྔ་པར་བཞུགས་རྒྱུའི་ཐོག སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་དང། སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་བཅས་གསར་དུ་ཕེབས་རྒྱུའི་ཐུགས་གཏན་འཁེལ་ཡོད་པ་རེད། འོན་ཀྱང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་དང། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་རྣམ་གཉིས་ལས་དོན་གལ་ཆེའི་སྟབས་ཀྱིས་འདི་ལོ་ཕྱི་ཟླ་ ༩ པའི་ཟླ་མཇུག་བར་རྒྱུན་ལས་སུ་བཅར་གནང་མི་ཐུབ་པས་དེ་བར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་མཆོག་དང། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་རྣམ་གཉིས་མུ་མཐུད་བཞུགས་གནང་རྒྱུ་ཡིན་པ་རེད།

དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱུན་ལས་ལྷན་ཚོགས་ཀྱི་གཙོ་སྐྱོང་གནང་པ་བཞིན། ཐོག་མར་གསར་དུ་ཕེབས་ཞུགས་རྒྱུན་ལས་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་འབྲེལ་ད་རེས་ཀྱི་རྒྱུན་ལས་རྣམ་པ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་རྒྱུན་ལས་སྐབས་ ༥ པ་དང། མཐའ་མ་དེ་ཆགས་ཀྱི་ཡོད་ཅིང། སྐབས་འདིའི་རྒྱུན་ལས་ཀྱི་ལས་དོན་གང་ཅི་ཚགས་ཚུད་ཡོང་བའི་རེ་བ་ཞུ་ཡི་ཡོད་ཅེས་གསུངས་པ་དང་ཆབས་ཅིག་ཚོགས་གཙོ་སྦྲེལ་པོ་ཕུད། དེ་མིན་རྒྱུན་ལས་ཚོགས་མི་རྣམ་པ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པའི་དགོངས་དོན་བཞིན། ཆབ་སྲིད་སྡེ་ཚན་དང། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན། རྒྱུན་འབྲེལ་སྡེ་ཚན་བཅས་སུ་ཆ་བགོས་བཀོད་སྒྲིག་གནང་བ་གསལ་བསྒྲགས་དང་བཅས་ཡིག་ཐོག་ཏུའང་ཕུལ་ཡོད་པ་རེད།

དེ་རྗེས་ཞུ་སྙན་སོགས་ཡིག་འབྲེལ་ཕུལ་འབྱོར་ཁག་སྙན་སྒྲོན་དང་འབྲེལ་ཐག་གཅོད་གནང་དགོས་ཁག་གནང་སྟེ་ལྷན་ཚོགས་གྲོལ་གནང་བ་བཅས།། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༣ ལ།