སྤྱི་འཐུས་རྒྱུན་ལས་ནས་ཨིན་དར་ཤི་ཀུ་མར་དང་ལྷན་བཅར་ཚོར་སྣེ་ལེན་གནང་བ།

ཕྱི་ཟླ་ ༤ ཚེས་ ༢༡ ཉིན། རྒྱ་གར་གྱི་ཚོགས་པ་ RSS ཡི་དབུ་ཁྱིད་བགྲེས་པ་སྐུ་ཞབས་ཨིན་དར་ཤི་ཀུ་མར་ Indresh Kumar དང་། སྲིད་དོན་ཚོགས་པ་ BJP ཡི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་མཁས་དབང་སྐུ་ཞབས་གོ་ཝིན་ད་ཨ་ཅ་རེ་ཡ་ Govinda Acharya རྣམ་གཉིས་ཀྱིས་གཙོས་ལྷན་བཅར་ཕྱག་རོགས་ཁག་ཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་སྒོ་ཞིག་ཏུ་གདན་ཞུའི་ཆེད་དྷ་རམ་ས་ལར་ཕེབས་བཅར་གནང་ཡོད་པ་དང་། ཚོགས་དྲུང་ལས་ཁུངས་ནས་འབྲེལ་མཐུད་ཀྱིས། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་སྣེ་ཤན་གནང་སྟེ། གོང་གསལ་སྐུ་མགྲོན་རྣམ་པ་དབུས་གཞོན་ལྷན་གྱིས་གོ་སྒྲིག་འོག་གཙུག་ལག་ཁང་གི་སྒོ་རའི་ཕྱི་ལོགས་སུ་མདོ་སྨད་རྔ་བའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་སླད་ཆུ་ཚོད་ ༢༤ རིང་ཟས་བཅད་རེས་མོས་བྱེད་བཞིན་པའི་སར་ཆེད་ཕེབས་ཀྱིས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པར་མ་ཟད། གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད།

དེ་བཞིན་སྐུ་མགྲོན་རྣམ་པས་གཞོན་ལྷན་དང་བུད་མེད་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་མཇལ་འཕྲད་གནང་ཡོད་པ་དང་། བཀའ་བློན་ཁྲི་པས་གུང་ཚིགས་སུ་གདན་ཞུས་ཀྱིས་བཀའ་མོལ་ཞིབ་ལྷོད་གནང་། ཉིན་རྒྱབ་སྤྱི་ལྷན་དུ་ཆེད་ཕེབས་ཀྱིས་ཚོགས་གཙོ་བགྲེས་གཞོན་དང་རྒྱུན་ལས་ལྷན་མཇལ་མོལ་བྱུང་ཡོད།

སྐུ་ཞབས་ཨིན་དར་ཤི་ཀུ་མར་ནི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ Bharat Tibbet Sayog Manch ཐོག་མར་གསར་འཛུགས་གནང་མཁན་ཡིན་པ་དང་། རྒྱུན་རིང་བོད་དོན་ཐོག་ཤ་ཚས་ཐུགས་ཁུར་གནང་མཁན་ཞིག་ཡིན། །