སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་པ་ལྡི་ལིར་ཆེད་ཕེབས་ཀྱིས་གཞུང་ཚབ་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ།

ཉེ་ལམ་ཕྱི་ཟླ་གསུམ་པའི་རྗེས་སུ་སྤྱི་ཡོངས་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པ་དང་། ལྷག་པར་དུ་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྔ་བ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་རང་ལུས་མེ་སྲེག་གིས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ནས་བཟུང་། རྒྱ་གཞུང་གིས་རྔ་བ་ཀིརྟི་ཁུལ་དུ་དམ་དྲག་ཤུགས་ཆེ་རུ་བཏང་སྟེ། ཕྱི་ཚེས་༢༢ཉིན་གྱི་ཐོ་རེངས་སུ་གྲྭ་པ་ ༣༠༠ ལྷག་དྲག་ཆས་ཉེན་རྟོག་པས་བཙན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་པ་དང་། དགོན་པར་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་ཀྱི་སློབ་གསོ་ཟེར་བ་ཤུགས་ཆེ་རུ་སྤེལ་ཏེ་དགོན་ཡུལ་གཉིས་ཀ་ཤུལ་མེད་རྩ་སྟོངས་སུ་གཏོང་རྒྱུའི་ཆེས་ཛ་དྲག་བློ་འཚབ་དགོས་པའི་གནས་སྟངས་ལ་བརྟེན། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་སྐུ་ཚབ་ཚོགས་ཆུང་ཞིག་ལྡི་ལིར་ཆེད་དུ་བཏང་གིས། ཕྱི་རྒྱལ་གཞུང་ཚབ་ཁང་ཁག་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་དང་འཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་ཞུ་བསྐུལ་གནང་རྒྱུའི་ཐག་གཅོད་གནང་།

དེ་ཡང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་དབུ་ཁྲིད་པའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་བཅས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབས་རྣམས་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་རྡ་ས་ནས་ཕེབས་ཐོན་གྱིས། ཕྱི་ཚེས་ ༢༨ ཉིན་ནས་བཟུང་ཆེད་དུ་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་ཧྥ་རན་སི་དང་ཌན་མག ཅེག་སྤྱི་མཐུན་རྒྱལ་ཁབ། དབྱིན་ཇེ། ཨོ་སི་ཀྲུ་ལི་ཡ། ཁེ་ཎ་ཊ། འཇར་མན། པོ་ལན་ཌི། ནོར་ཝེ། བྷེལ་ཇམ། ཨ་རི་བཅས་རྒྱལ་ཁབ་༡༡ གི་གཞུང་ཚབ་ཁང་དང་། ཡུ་རོབ་མནའ་མཐུན་རྒྱལ་ཁབ་ཀྱི་ལྡི་ལི་གཞུང་ཚབ་ཆེ་མོ་བཅས་ལ་ཆེད་བཅར་གྱིས། ཉེ་ལམ་བོད་ནང་གི་ཛ་དྲག་གནས་སྟངས་དང་། སྒོས་སུ་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ཇི་ཡིན་ཁ་གསལ་འཁོད་པའི་འབོད་བསྐུལ་གྱི་ཞུ་སྙན་དོན་ཚན་གསུམ་ཅན་ཞིག་ཡིག་ཐོག་ནས་ཕུལ་བ་མ་ཟད། ད་ཐེངས་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་ནས་དོ་སྣང་ཆེན་པོའི་ཐོག་གཞུང་ཚབ་བགྲེས་གཞོན་ནམ། ཆབ་སྲིད་དྲུང་ཆེ་སོགས་མཐོ་རིམ་གནད་ཡོད་མི་སྣ་ཞེ་ཅིག་དང་མཇལ་མོལ་གནང་བའི་གོ་སྐབས་ལེགས་པོ་ཐོབ་ཡོད་པ་མ་ཟད། ངག་ཐོག་ནས་ཀྱང་འགྲེལ་བཤད་གསལ་པོ་བརྒྱབ་སྟེ་སྐུ་ཚབ་ཚོགས་པས་བཏོན་གནང་བའི་དགོས་འདུན་གསུམ་ལ་གཞུང་ཚབ་ཁག་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་པ་དང་། ཚང་མས་མགྲིན་དབྱངས་གཅིག་ཏུ་འབྲེལ་ཡོད་གཞུང་སོ་སོར་འཕྲལ་དུ་ཕུལ་ཏེ་དགོས་འདུན་གསུམ་འགྲུབ་ཐུབ་པར་འབད་བརྩོན་བྱེད་རྒྱུའི་ཁས་ལེན་གཙང་མ་གནང་བ་དང་། ལྷག་པར་དུ་ཡུ་རོབ་མནའ་འབྲེལ་མཐུན་ཚོགས་ནས་མགྱོགས་མྱུར་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་ཏུ་ཕེབས་འཆར་ཡོད་པས། དེའི་གྲོས་གཞིའིོ་ཁོངས་སུ་རྒྱུན་ལས་སྐུ་ཚབ་རྣམས་ཀྱི་དགོས་འདུན་ངེས་པར་འཁོད་ཐུབ་པ་གནང་རྒྱུའི་ཞལ་བཞེས་ཀྱང་ཐོབ་ཡོད།

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་རྣམ་པས་བཏོན་གནང་བའི་དགོས་འདུན་གསུམ་ནི།

དང་པོ། ད་ཆ་རྔ་བ་ཀིརྟི་དགོན་པའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཅའ་སྡོད་ཕྱི་འབྲེལ་གཞུང་ཚབ་ཁང་ནས་འཕྲལ་མར་ཀིརྟི་དགོན་པར་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་གཏོང་ཡོང་བ།

གཉིས་པ། སྐུ་ཉིད་ཀྱི་རྒྱལ་ཁབ་ནས་རྔ་བ་ཁུལ་དུ་རྒྱལ་སྤྱིའི་རང་དབང་གསར་འགོད་པ་གཏོང་གནང་ཐུབ་པར་རྒྱབ་སྐྱོར་གནང་སྐྱོང་ཡོང་བ།

གསུམ་པ། སྐུ་ཉིད་ཀྱི་སྲིད་གཞུང་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་འཛིན་བཟུང་བྱས་པའི་ཀིརྟི་དགོན་པའི་ཉེས་མེད་གྲྭ་པ་རྣམས་འཕྲལ་དུ་གློད་གྲོལ་གྱིས་ཕྱིར་དགོན་པ་ལོག་ཆོག་པ་དང་། དགོན་པའི་རྒྱུན་ལྡན་ཆོས་ཀྱི་བྱེད་སྒོ་སྤེལ་བའི་རང་དབང་ལ་སྲུང་བརྩི་ཞུ་རྒྱུའི་འབོད་བསྐུལ་ཡོང་བ་བཅས་ཡིན།

སྐུ་ཚབ་ཚོགས་ཆུང་གིས་རྒྱལ་ས་ལྡི་ལིར་ད་དུང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྒྱ་གར་གྱི་ཕྱི་སྲིད་དང་དཔལ་འབྱོར་བློན་ཆེན་ཟུར་བ་མཆོག་དང་། ཌོཀ་ཊོར་ཤ་ཤི་ཐར་རོན་སོགས་འབྲེལ་ཡོད་གྲོས་ཚོགས་འཐུས་མི་དང་། སྲིད་དོན་ཚོགས་པ་ཁག ཧིན་བོད་མཛའ་འབྲེལ་ཚོགས་པ་ཁག་ ༡༣ ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷོ་ཤར་ཨེ་ཤེ་ཡའི་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་སོགས་ལའང་མཇལ་འཕྲད་དང་བཞུགས་མོལ་ཚོགས་འདུ་བསྐོངས་ཡོད་པ་དང་། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་གནད་དོན་འདི་རྒྱ་གར་ཕྱི་སྲིད་བློན་ཆེན་རང་ལ་འབུལ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷོ་ཤར་ཨེ་ཤེ་ཡའི་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་རང་ལ་འབུལ་ཐུབ་རྒྱུའི་ཞལ་བཞེས་གཙང་མ་གནང་བ་མ་ཟད། ཧིན་བོད་མཛའ་འབྲེལ་ཚོགས་པ་ཁག་ནས་ཐུན་མོང་ཐོག་གསར་འགོད་བསྒྲགས་གཏམ་སྤེལ་རྒྱུ་དང་། ས་གནས་ཁག་ཚང་མར་གཅིག་གྱུར་གསལ་བསྒྲགས་སྤེལ་ཏེ་ལས་འགུལ་སྤེལ་རྒྱུ་སོགས་ཐག་གཅོད་གནང་ཡོད།

རྒྱུན་ལས་ཀྱི་སྐུ་ཚབ་རྣམ་པ་ཞུ་སྐུལ་གྱི་ལས་དོན་ཁག་ལེགས་པར་གྲུབ་སྟེ། ཟླ་ ༥ ཚེས་ ༣ ཉིན་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད།