སྤྱི་འཐུས་རྒྱ་རི་བུ་ཕྲུག་དང༌སྒྲོལ་དཀར་སྐྱབས་རྣམ་གཉིས་ལྷོ་གཞིས་གཉིས་སུ་འཚམས་གཟིགས་ལེགས་པར་གྲུབ་པ།

 

སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་དང༌། སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་རྣམ་གཉིས་ཟླ་ ༦ ཚེས་ ༢༣ ཉིན་ནས་ཟླ་ ༧ ཚེས་ ༩ བར་ཧེ་དར་བྷཏ་ནས་དབུ་འཛུགས་ཀྱིས༌། ཝེ་ཇེ་ཝ་ར་དང་ཀོ་ཊེ་ཀར་ནལ། ཨོ་ཊི། ཀོ་ལི་སྒར་དོན་ལྡན་གླིང་དང་ཧུན་སུར་རབ་རྒྱས་གླིང་བཅས་བོད་མི་འདུ་གནས་ཀྱི་ས་གནས་ཁག་ཏུ་འཚམས་གཟིགས་ལེགས་པར་གྲུབ་ཡོད་པ་དང༌།

སྤྱི་འཐུས་རྣམ་པ་གཉིས་ནས་བོད་མི་སུད་ཚོང་བ་དང་སློབ་ཕྲུག གཞིས་སྒར་དང་དགོན་སྡེ། སློབ་གྲྭ་བཅས་སུ་གནས་སྟངས་གཟིགས་ཞིབ་དང༌། མང་ཚོགས་ལ་གསུང་བཤད་དང་དྲི་བར་དྲིས་ལན་གནང་འདུག

ཀོ་ལི་གྷལ་ས་འཐུས་རྒྱུན་ལས་ནས་སྤྱི་འཐུས་རྣམ་པ་གཉིས་ལ་ཡིག་ཐོག་དོགས་འདྲི་ཞུས་པའི་ནང༌། ས་འཐུས་ཚོགས་གཙོ་ཚོགས་གཞོན་དང་ས་འཐུས་རྣམ་པས་ལས་འཁུར་དམ་འབུལ་ཞུ་ཕྱོགས་སྐོར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུ་སྒྲིག་གཞི། ས་གནས་ཀྱི་སྒྲིག་གཞི་དང༌། ད་བར་ལག་ལེན་བྱེད་སྟངས་དབར་མཐུན་གྱི་མེད་ལུགས་ལམ་སྟོན་གནང་སྐྱོང་ཡོང་བ་ཞེས་བཀོད་འདུག་ཅིང༌། ས་གནས་ཁག་ནས་བདེ་སྡུག་སྙན་ཞུ་དང༌། བསམ་ཚུལ་དང་གཞེན་སྐུལ་གྱི་དོན་ཚན་རེ་ཟུང་ཞུས་འདུག་པའི་གནས་ཚུལ་རྣམས་སྤྱི་འཐུས་རྣམ་གཉིས་ཀྱི་ལས་བསྡོམས་སུ་བཀོད་འདུག