སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས།སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས།

ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༨ ནས་ཚེས་ ༢༩ བར་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་བཀྲིས་ལྗོངས་དང། སྦིར་བོད་ཚོགས།  སུ་ཇཱ་སློབ་གྲྭ  སྦིར་སྡེ་དགེ  ཤེས་རབ་གླིང།  ཅོན་ཏ་ར་སམ་བྷོ་ཊ།  ཅོན་ཏ་ར་བོད་ཁྱིམ།  རྫོང་གསར་དགོན།  མཚོ་པདྨ།  མན་ཌི།  སུན་རྡར་ན་གར།  སྤོན་ཌོ་བཀྲིས་གླིང།   དཔལ་རབ་གླིང།  སྤང་སྒང་དགོན་པ།  ཀུ་ལུ།  དྭགས་པོ་བཤད་སྒྲུབ་གླིང་།  མ་ན་ལི་བཅས་སུ་ཕྱོགས་ཕེབས་གནང་ཡོད་པ་རེད།

སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས་གོང་གསལ་ས་གནས་དེ་དག་ཏུ་ཕེབས་སྐབས་ས་གནས་ཀྱི་འབྲེལ་ཡོད་དབུ་ལས་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་དང། གཟིགས་སྐོར། མང་ཚོགས་འདུ་བསྐོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་པའི་ཆོས་ཚོགས་ཐེངས་ ༡༡ པའི་སྐབས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཀྱི་གསུང་འཕྲིན་དང་། དེ་དང་འབྲེལ་བའི་བླ་ཆེན་ཁག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱབ་གཉེར་གྲོས་ཆོད་ཀྱི་སྐོར་།    ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ཕྱི་ནང་གཉིས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཇི་ཙམ་གྱིས་རང་ལུས་མེར་སྲེག་གནང་པ་དང་། ཁོང་རྣམས་ཀྱི་ཞལ་ཆེམས་དང་དགོངས་དོན་གང་ཡིན་མིན། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གི་ཐད་འཁྱོག་བཤད་ཇི་ལྟར་བྱེད་ཀྱི་ཡོད་མེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་ལ་འཚམས་པའི་ལན་འདེབས་དང་། རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་འཚོལ་ཐབས་དང་ལས་འགུལ་སྤེལ་བ་ཁག  དེ་བཞིན་མི་མང་གིས་ལས་འགུལ་སྤེལ་བའི་སྐབས་བཀའ་སྤྱི་གཉིས་ཀྱི་རྩ་དོན་གསུམ་སྟེ་ཡུལ་ཁྲིམས་དང་མཐུན་པ། ཆེ་མཐོང་དང་ལྡན་པ། ཞི་བའི་ཐོག་ནས་སྤེལ་དགོས་པའི་སྐོར།  བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ལག་ཤེས་དང་བཟོ་ལས་ཀྱི་ཐད་རིགས་གཅིག་རྐང་འཛིན་ཡོང་ཐབས་བྱེད་དགོས་པའི་སྐོར་བཅས་གསུང་བཤད་དང་དྲི་བ་བྱུང་ཁག་ལ་བཀའ་ལན་གནང་ཡོད་ལ། ལྷག་པར་དུ་སློབ་ཕྲུག་རྣམས་ལ་ཤེས་ཡོན་གྱི་དགོས་དམིགས་སོགས་ཀྱི་སྐོར་ནན་གསུང་གནང་ཡོད། གཞན་ཡང་ས་གནས་ཁག་ནས་སྤྱི་སྒེར་གྱི་དཀའ་ངལ་མང་དག་ཞུས་ཁོངས་སུ་ཕྲུ་གུ་སློབ་འཇུག་དང་སློབ་ཡོན་གྱི་དཀའ་ངལ་དང། ལྷག་དོན་འཛིན་རིམ་བཅུ་གཉིས་མཐར་ཕྱིན་ནས་མཐོ་སློབ་ཁག་ཏུ་བསྐྱོད་སྐབས། སློབ་ཡོན་གྱིས་མ་འདང་ནས་ཕ་མ་ལ་དཀའ་ངལ་འཕྲད་ཚུལ། བོད་ཁྱིམ་ནང་རིན་མེད་སློབ་འཇུག་གམ། སློབ་ཡོན་ཕྱེད་ཆག་སོགས་དཀའ་ངལ་དང་རེ་སྐུལ་ཞུས་རིགས་རྣམས་ལས་བསྡོམས་སྙན་ཐོའི་ནང་ཞིབ་འགོད་ཀྱིས་སྤྱི་འཐུས་རྒྱུན་ལས་སུ་སྙན་གསན་དང་བཀའ་བསྡུར་གྱིས་དཀའ་སེལ་མཇུག་གནོན་འབྱུང་ཐབས་སླད་འཛིན་སྐྱོང་ལྷན་ཁང་སོ་སོར་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།།