སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀའི་ཧ་ནུར་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་གནང་བ།

༄༅། ། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་རྣམ་པ་གཉིས་རྒྱ་གར་ལྷོ་ཕྱོགས་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༡༡ པའི་ཚེས་ ༡༣ ཉིན་སྤྱི་འཐུས་རྣམ་པ་གཉིས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀའི་ཧ་ནུར་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨར་ ན་རེན་དྷ་ (Shri. R Narenda, MLA from Hanur, Karnataka) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་འདུག

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༡༢ ཉིན་སྦེང་ལོར་གནམ་ཐང་དུ་ཕེབས་འབྱོར་མཚམས། ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་ལས་དྲུང་ཚེ་རིང་ནོར་བུ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་རྣམ་པ་གཉིས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀའི་ཧ་ནུར་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨར་ ན་རེན་དྷ་ (Shri. R Narenda, MLA from Hanur, Karnataka) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ས་གནས་སུ་གནས་སྡོད་བོད་མི་རྣམས་ལ་ད་བར་མཐུན་འགྱུར་རྒྱབ་སྐྱོར་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འབྱུང་འགྱུར་ཡང་དེ་ལྟར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་བ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་འདུག མཇལ་འཕྲད་སྐབས་ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་མཉམ་བཅར་ཞུས་གནང་འདུག་པ་བཅས། །