སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་རྣམ་གཉིས་ཌལ་ཧོར་ཕུན་ཚོགས་གླིང་ས་འགོའི་ཁྱབ་ཁོངས་དང་བཞུགས་སྒར་རྡ་རམ་ས་ལའི་ས་འགོའི་ཁྱབ་ཁོངས་གཉིས་སུ་ཕྱོགས་བསྐྱོད་ལེགས་པར་གྲུབ་པ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཟླ་བ་ཕུན་སྐྱིེད་མཆོག་དང་། སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་རྣམ་གཉིས་ཕྱི་ཟླ་ ༥ ཚེས་ ༡༧ ནས་ཚེས་ ༣༠ བར་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་དང་། རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་ས་གནས་ཁག་བཅས་ཀྱི་བོད་མིའི་སྡོད་སྒར་ཁག་ལ་གཟིགས་བསྐོར་ཕྱོགས་བསྐྱོད་ལེགས་པར་གྲུབ་གནང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨།༣༠ ཐོག་བཞུགས་སྒར་རྡ་ས་ནས་ཕེབས་ཐོན་གྱིས་ཉིན་དགུང་ཕྱག་ཚོད་ ༡༢།༣༠ ཐོག་ཌལ་ཧོར་སྣུམ་འཁོར་འབབ་ཚུགས་སུ་འབྱོར་ཞིང་དེ་གར་ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་དང་། ས་འཐུས་ཚོགས་གཙོ་ཕུར་བུ་དགྲ་འདུལ་ལགས་གཉིས་ཀྱིས་གཙོས་ཚོགས་སྐྱིད་ཁག་གི་དབུ་ལས་སྣེ་ཡོད་རྣམས་ཀྱིས་སྣེ་ལེན་ཕེབས་བསུ་གནང་བ་དང་། ཉིན་དགུང་ཕྱག་ཚོད་ ༡༢།༥༠ ཙམ་ལ་ཕུན་ཚོགས་གླིང་གཞིས་ཆགས་སུ་འབྱོར་ཏེ་ཕྱི་དྲོ་ས་འཐུས་ཚོགས་ཁང་ནང་བཞུགས་མོལ་ཚོགས་འདུ་ཚོགས་གནང་ཡོད།

ཕྱི་ཚེས་ ༡༨ ཉིན་གྱི་ས་གནས་མི་མང་ཚོགས་འདུར་གསུང་བཤད་དང་དྲི་བར་ལན་འདེབས་གནང་བ་དང་། དེ་རྗེས་ས་གནས་འགོ་འཛིན་ལས་ཁང་། བཟོ་གྲྭ སློབ་གྲྭ སྨན་རྩིས་ཁང་། རང་བདེན་ཚོགས་ཆུང་། ས་གཞོན་ལས་ཁང་། བུད་མེད་ཚོགས་པའི་ལས་ཁང་། རྒྱུད་སྟོད། གཞིས་ཆགས་ཁང་པ་གཉིས་དང་། ཌལ་ཧོལ་བློ་གླིང་སྒྲོལ་མ་ལྷ་ཁང་། བོད་མིའི་ཁྲོམ་ས་ཁག་གཉིས་བཅས་ལ་གཟིགས་བསྐོར་གནང་། ཕྱི་ཚེས་ ༡༩ ཉིན་ཌལ་ཧོར་ནས་རྡ་སར་ཕྱིར་ཕེབས་གནང་ཡོད། ལས་རིམ་བཞིན་ཕྱི་ཚེས་ ༢༢ ཉིན་རྡ་སའི་བོད་ཁྱིམ་སྟེང་ཤོད་གཉིས་ཀྱི་སློབ་གྲྭར་གཟིགས་བསྐོར་དང་། སློབ་ཕྲུག་དང་དགེ་རྒན་རྣམ་པར་གསུང་བཤད་གནང་བ་དང་ཆབས་ཅིག་དྲི་བར་ལན་འདེབས་གནང་ཡོད། སློབ་གྲྭའི་དབུ་ལས་རྣམས་དང་མཉམ་བཞུགས་མོལ་ཚོགས་འདུ་བཅས་ཀྱང་ཚོགས་གནང་ཡོད།

ཕྱི་ཚེས་ ༢༣ ཉིན་ཏེ་ལོ་ཕུག་བཙུན་དགོན་དུ་དགོན་པའི་དབུ་ལས་རྣམས་དང་མཉམ་བཞུགས་མོལ་དང་། ཚོགས་འདུར་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་དང་དྲི་བ་སོགས་ལ་ལན་འདེབས་གནང་། ཕྱི་ཚེས་ ༢༤ ཉིན་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྤྱི་མཉམ་གནས་སྟངས་རྒྱུས་ལོན་དང་། སློབ་གྲྭའི་འཚེམས་བཟོ་ཁང་དང་། ལྷ་བྲིས་ཁང་། དཔེ་མཛོད་ཁང་སོགས་སུ་གཟིགས་བསྐོར་གནང་བ་དང་། སྔ་དྲོ་སློབ་ཕྲུག་དང་དགེ་ལས་མཉམ་འཛོམས་ཚོགས་འདུར་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད། ཕྱི་དྲོར་གངས་སྐྱིད་དཔེ་སྟོན་སློབ་གྲྭར་གཟིགས་བསྐོར་གནང་གྲུབ་རྗེས་སྨན་རྩིས་ཁང་དུ་ཕེབས་ཏེ་སྨན་སྦྱོར་ཁང་སོགས་སྡེ་ཚན་ཆེ་ཕྲ་ཚང་མར་གཟིགས་ཞིབ་གནང་། ཕྱི་ཚེས་ ༢༥ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དང་། རྡ་སའི་མི་མང་ཚོགས་འདུ། ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་མཉམ་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་བཅས་ཚོགས་གནང་ཡོད། ཕྱི་ཚེས་ ༢༦ ཉིན་གོ་པལ་སྤུར་བོད་ཁྱིམ་སློབ་གྲྭ་དང་ཅ་མུན་ཊ་གནས་སྡོད་བོད་མི་བཅས་སུ་མི་མང་ཚོགས་འདུར་གསུང་བཤད་དང་དྲི་བར་ལན་འདེབས་བཅས་གནང་ཡོད།

 ཕྱི་ཚེས་ ༢༩ ཉིན་བཙུན་དགོན་སྒྲོལ་མ་གླིང་དུ་གཟིགས་བསྐོར་གནང་གྲུབ་རྗེས་ཕྱི་དྲོ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྡེ་ཚན་ཡན་ལག་ཚང་མར་གཟིགས་བསྐོར་གནང་བ་དང་། དེ་རྗེས་ནོར་གླིང་ཁུལ་གྱི་མི་མང་དང་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་རྣམས་ལ་ཚོགས་འདུའི་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་བཅས་གནང་ཡོད། ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་འབྱོར་གྱིས་དགེ་འདུན་པ་ཞལ་གྲངས་ཉིས་བརྒྱ་མ་ཟིན་ཞིག་ལྷན་འཛོམས་སར་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་སོགས་གནང་། ཕྱི་དྲོ་ཤུག་གསེབ་དང་འཇམ་དབྱངས་ཆོས་གླིང་གཉིས་ཀྱི་བཙུན་མ་རྣམས་ལྷན་འཛོམས་སར་གསུང་བཤད་དང་། དྲི་བར་ལན་འདེབས་གནང་། དེ་རྗེས་བྱམས་པ་གླིང་རྒས་གསོ་ཁང་དུ་སྤྱི་འཐུས་རྣམ་པ་གཉིས་ཀྱིས་གསུང་བཤད་གནང་བ་དང་། རྒས་གསོ་ཁང་གི་ལས་ཁུངས་དང་། རྒན་ཁོག་རྣམས་ཀྱི་སྡོད་ཁང་། ཐབ་ཚང་། བརྙན་འཕྲིན་ཁང་། སྨན་ཁང་བཅས་སུ་གཟིགས་བསྐོར་གནང་ཡོད།

དེ་ལྟར་སྤྱི་འཐུས་རྣམ་པ་གཉིས་ཀྱི་གོང་གསལ་ས་གནས་ཁག་ཏུ་ཕེབས་ཏེ་ས་གནས་སོ་སོའི་གནས་སྟངས་ལ་རྒྱུས་ལོན་སོགས་གནང་ནས་སྐབས་བསྟུན་ཐག་གཅོད་ལམ་སྟོན་གནང་རྒྱུ་དང་། དཀའ་སེལ་མཇུག་སྐྱོང་གོང་ཞུ་དགོས་རིགས། དེ་བཞིན་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་ཞུ་སྒོ་སོགས་གནང་བ་དང་། ཚོགས་འདུ་དེ་དག་ཏུ་གཙོ་བོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས། བཙན་བྱོལ་གྱི་མང་གཙོའི་འཕེལ་རིམ་མདོར་བསྡུས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་བ་བཅས་ཐེངས་འདིའི་ཕྱོགས་བསྐྱོད་ལེགས་པར་གྲུབ་གནང་ཡོད།