སྤྱི་འཐུས་ཚོགས་གཞོན་མཆོག་ནས་ཏུ་ནི་སིར་ར་ཌེ་ཀལ་ཚོགས་པའི་ཚོགས་ཆེན་ཐོག་གསུང་བཤད་གནང་གྲུབ་སྟེ་བཞུགས་སྒར་དུ་ཕེབས་འབྱོར།

ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༢ ནས་ ༢༤ བར་གླིང་ཆེན་ཨ་ཧྥེ་རི་ཀའི་བྱང་སྣེར་ཆགས་པའི་ཏུ་ནི་ཤི་ཡ༌རྒྱལ་ཁབ་ཀྱི་རྒྱལ་ས་ཏུ་ནི་སིར་དབྱི་ཊ་ལིའི་སྲིད་དོན་ཚོགས་པ་ར་ཌེ་ཀལ་གྱིས་བསྐོང་ཚོགས་བྱས་པའི་ Nonviolent Radical party Transnational  and Trans party General Council ཚོགས་ཆེན་སྟེང་གདན་ཞུས་ལྟར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་པ་དང་། ཚོགས་ཞུགས་པ་མང་པོས་ཚོགས་གཞོན་གྱི་གསུང་བཤད་ལ་རྒྱབ་སྐྱོར་དང་དགའ་བསུ་ཞུས་འདུག

       ཚོགས་འདུ་དེར་དབྱི་ཊ་ལི་དང་། ཨི་ཇིབ། ཀམ་བྷོ་ཌེ་ཡ། ཨལ་བྷེ་ནི་ཡ། སི་པེན། བྷ་རེན། ཨ་རི། ཨུ་རུ་སུ། ཁི་རོ་ཤི་ཡ། ནེ་ཇི་རེ་ཡ། ཀོང་གོ། ཏུ་ནེ་སི་ཡ་སོགས་རྒྱལ་ཁབ་ ༢༤ ཙམ་གྱི་གྲོས་ཚོགས་འཐུས་མི་དང་། ཆབ་སྲིད་མི་སྣ། རྩོམ་སྒྲིག་པ་དང་ཉམས་ཞིབ་པ་སོགས་གནད་ཡོད་མི་སྣ་ ༨༣ ཙམ་མཉམ་ཞུགས་གནང་ཡོད།

ཚོགས་འདུའི་ཐོག་ཨ་རབ་རྒྱལ་ཁབ་ཁག་གི་ནང་ཆབ་སྲིད་འཕོ་འགྱུར་འགྲོ་བཞིན་པའི་གནས་སྟངས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་དབང་ཆའི་ཁྱབ་ཚད། ཡུ་རོབ་དང་ཨ་རབ་ཡུལ་གྲུའི་ནང་ཞི་བདེ་དང་མང་གཙོའི་ལྟ་གྲུབ་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད།

ཚོགས་གཞོན་མཆོག་གིས་གསུང་བཤད་ནང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེན་གྱི་དགོངས་གཞི་དང༌། བོད་མིའི་འཕྲལ་ཕུགས་ཀྱི་དགོས་པ་རྒྱུ་མཚན་དུ་མར་གཟིགས་ཏེ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་གྲོས་ཚོགས་སུ་གསུང་འཕྲིན་ཕེབས་པས། སྔ་ཕྱིར་གོ་བསྡུར་རིམ་པ་གནང་ཡང་བཀའ་ལྕི་ལྡོག་མེད་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གི་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་གསོལ་བསྩལ་ལམ་རྩིས་སྤྲོད་མཛད་དེ་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་དེ་བཞིན་སྲ་བརྟན་ཐོག་དེང་རབས་ཅན་དང་མཐུན་པ་ཤར་བསྐྱོད་བྱེད་བཞིན་ཡོད།

རྒྱ་དམར་གྱིས་བོད་བཙན་བཟུང་བྱས་རྗེས་ད་ལྟའི་ཆར་བོད་ནང་གི་གནས་སྟངས་ནི། བོད་ཀྱི་ཆོས་དང་རིག་གཞུང༌། ཁོར་ཡུག་གནས་བབ། བོད་མི་ཚོའི་འཚོ་རྟེན་ལ་ཛ་དྲག་གི་ཉེན་ཁ་འཕྲད་བཞིན་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་དགོས་པའི་དགོས་འདུན་ཡིག་ཐོག་སྔ་རྗེས་སྤྲད་ཟིན་ཀྱང༌། རྒྱ་ནག་གཞུང་གིས་དེ་ལས་རྒྱབ་ཕྱོགས་པའི་བོད་མི་ཚོའི་ཆོས་དད་ལ་དམ་བསྒྲགས་དང༌། སྐད་ཡིག་ལ་ཚད་འཛིན། གཞི་རྩའི་རང་དབང་གི་གནས་བབ་ལ་བཀག་བསྡོམས། འབྲོག་པ་རྣམས་རྩ་ཐང་ནས་ཕྱིར་འབུད། ཞིང་པ་རྣམས་སྡོད་གནས་གསར་བསྐྲུན་ཆེད་དངུལ་འབོར་གཡར་དགོས་ཀྱི་བཙན་བཀའ་གཏོང་བ་བཅས་ཆབ་སྲིད་ཀྱི་ལངས་ཕྱོགས་དེས་རྒྱ་བོད་མི་རིགས་གཉིས་དབར་དཔལ་འབྱོར་གྱི་གནས་བབ་ཆ་མི་སྙོམས་པ་དང༌། མི་རིགས་འདྲ་མཉམ་གྱི་གནས་བབ་གཅིག་གྱུར་མ་ཡིན་པ། རྒྱ་གཞུང་གི་ལས་བྱེད་བོད་མིར་ཡིད་ཆེས་དང་བརྩི་བཀུར་རྒྱ་མི་རིགས་ལས་ཞན་པ་བཅས་ལག་བསྟར་བྱེད་བཞིན་པས་མི་རིགས་གཉིས་དབར་འཁོན་འཛིན་ཆེ་རུ་གཏོང་བཞིན་ཡོད།

ྋགོང་ས་མཆོག་ལ་ཁ་བྲལ་པ་ཞེས་རྒྱ་གཞུང་གི་བརྗོད་ཀྱང་། དོན་ངོ་མར་རྒྱ་ནག་གཞུང་གིས་གཅིག་སྒྲིལ་གྱི་ནུས་པར་ཉེན་ཁ་བཟོ་བཞིན་པ་དང་དོན་དངོས་ཐོག་ཁ་བྲལ་གྱི་ལག་ལེན་བསྟར་བཞིན་པ་ནི་རྒྱ་གཞུང་ཆགས་ཡོད།

བོད་འདི་ཨེ་ཤ་ཡའི་རྒྱུགས་ཆུ་ཆེན་པོ་མང་པོའི་འབྱུང་ཁུངས་ཡིན་པ་མ་ཟད། ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བར་མཚམས་སུ་གནས་ཡོད། བོད་ཀྱི་ཁོར་ཡུག་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན་པ་དེང་སང་རྒྱལ་སྤྱིའི་ནང་ངོས་འཛིན་ཞུ་བཞིན་ཡོད། བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་སེལ་ཐུབ་ཚེ་ཨེ་ཤ་ཡའི་ས་བབ་ཐོག་བརྟན་ལྷིང་དང༌། དེར་གནས་པའི་མིའི་འགྲོ་བ་ཡོངས་ལ་ཕན་ཐོགས་ཆེན་པོ་འབྱུང་གི་ཡོད། མ་ཟད་འཛམ་གླིང་རྒྱ་ཁྱབ་ཏུ་འཚེ་མེད་ཞི་བདེ་གོང་འཕེལ་འགྲོ་རྒྱུའིབཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ངེས་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་ཆ་མཚོན་ན། འཛམ་གླིང་འདིའི་ཐོག་བྱམས་བརྩེ་དང༌། བཟོད་བསྲན་གྱིས་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཆེད་དང༌། ཆོས་ལུགས་མཐུན་སྒྲིལ་གྱི་བསླབ་བྱ་ཁྱབ་སྤེལ་མཛད་པ། འཚེ་མེད་ཞི་བདེའི་འགན་ཁུར་ལེན་སྟངས་བཅས་ཀྱི་སྣེ་ཁྲིད་དེ་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་ལམ་སྟོན་དང་སྙིང་སྟོབས་སྦྱིན་ཡོད་པ་ནི་འཛམ་གླིང་མིའི་རིགས་སྤྱི་ཡོངས་ཀྱི་དགའ་སྒོམ་བྱ་འོས་སུ་གྱུར་ཡོད།

མཐའ་དོན་ཁྱེད་རྣམས་པའི་ཚོགས་པའི་དམིགས་ཡུལ་ལ་རྒྱབ་སྐྱོར་ཆེན་པོ་ཡོད། མི་ཡི་རིགས་ཀྱི་བསམ་བློའི་གནས་སྟངས་འགྱུར་བ་འགྲོ་བ་བཞིན་རྒྱལ་ཁབ་དང་མི་རིགས་ཀྱི་འགོ་ཁྲིད་ཚོས་སོ་སོའི་མི་མང་གི་བསམ་ཚུལ་བཞིན་འགྱུར་བ་གཏོང་དགོས་ངེས་དང༌། མི་མང་གི་ཐོབ་ཐང་དང་རང་དབང་གི་གནས་བབ་ལ་འགན་ཁུར་ལེན་ཐུབ་པ་དགོས་རྒྱུ་ནི་དེ་བས་གལ་ཆེན་པོ་ཆགས་ཡོད། གནས་བབ་འདི་ལ་འགོ་ཁྲིད་ཚོས་མི་ཡི་བཟང་སྤྱོད་སྟོན་མ་ཐུབ་པའི་རྐྱེན་གྱིས་གཞུང་དང་མི་མང་དབར་འཁོན་འཛིན་ལངས་གཞི་ཆེན་པོ་འགྱུར་འགྲོ་གི་ཡོད། མི་སྒེར་རམ་ཚོགས་པ་འདྲ་མིན་གྱིས་འཛམ་གླིང་ནང་གནས་སྟངས་འདི་འདྲའི་ཐོག་འགོ་ཁྲིད་ཚོར་དྲན་གསོ་སློང་དགོས། དཔེར་ན་རྒྱ་ནག་སྲིད་གཞུང་ལྟ་བུའི་སྲིད་དབང་སྒེར་འཛིན་གྱིས་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནས་སྟངས་ཡོངས་སུ་བྲལ་བས་མི་མང་ལ་འཇིགས་བསྐུལ་དང༌། དྲག་གནོན་སོགས་བྱེད་བཞིན་པ་འདི་རིགས་དམིགས་འབེན་དུ་བྱས་ནས་འདི་རིགས་ལ་དམིགས་བསལ་བགྲོ་གླེང་གིས་མི་མང་ལ་མང་གཙོ་དང་རང་དབང༌། ཁྲིམས་མཐུན་གྱིས་མི་ཡི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་འབྱུང་ཐབས་བྱེད་དགོས། འདི་ནི་རླབས་ཆེན་གྱི་འགན་ཁུར་ཡིན་ལ་འཛམ་གླིང་འདི་ནང་མིག་དཔེ་འོས་པའི་བྱ་བ་ཞིག་ཀྱང་ཡིན། དེ་ལྟར་ན་ཁྱེད་རྣམ་པའི་ཚོགས་པ་འདི་ཉིད་ཀྱིས་འཛམ་གླིང་ནང་མི་ཡི་རིགས་ལ་དཀའ་ངལ་འཕྲད་བཞིན་པ་དང༌། འཕྲད་སྲིད་པ་རྣམས་ལ་གདོང་ལེན་དང༌། དཀའ་ངལ་དེ་ལས་ཐར་ཐབས་ཀྱི་ཐབས་ལམ་ཐོག་དེ་རིང་ལྷན་ཚོགས་འདི་ལྟ་བུ་ཚོགས་ཏེ་བགྲོ་གླེང་ཤུགས་ཆེར་གནང་ཐུབ་ན་འཛམ་གླིང་ནང་མི་ཡི་འགྲོ་བ་ཚང་མར་ཕན་ཐོགས་ཡོད་པའི་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་དགེ་མཚན་མཐོང་སོང་ཞེས་གསུངས་ཡོད་པ་དང་། ཕྱི་ཚེས་ ༢༦ ཉིན་ཚོགས་གཞོན་མཆོག་གི་ཐེངས་འདིའི་མཛད་འཆར་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་ཕེབས་འབྱོར་གནང་ཡོད་པ་རེད། །