སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཏུ་ནི་སིར་གཞུང་འབྲེལ་ཕྱོགས་ཕེབས།

དབྱི་ཊ་ལིའི་ར་ཌི་ཀལ་སྲིད་དོན་ཚོགས་པ་ Nonviolent Radical Party Transnational and Transparty ནས་གདན་ཞུས་ལྟར། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།

ར་ཌི་ཀལ་སྲིད་དོན་ཚོགས་པའི་ཚོགས་ཆེན་དེ་འདི་ཟླའི་ཚེས་ ༢༢ ནས་ ༢༤ བར་བྱང་ཨ་ཧྥེ་རི་ཀའི་བྱང་སྣེར་ཆགས་པའི་ཏུ་ནི་ཤི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཏུ་ནི་སིར་འཚོགས་ཀྱི་ཡོད་པ་དང་། ཚོགས་འདུར་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོའི་སྐུ་ཚབ་མཉམ་ཞུགས་བྱེད་ཀྱི་ཡོད།

སྤྱི་འཐུས་ཚོགས་གཞོན་མཆོག་ཚེས་ ༢༠ ཉིན་གྱི་སྔ་དྲོ་གྷ་གྷལ་གནམ་ཐང་དུ་༸གོང་ས་མཆོག་ལ་ཕེབས་བསུ་ཞུས་འཕྲལ་ཐད་ཀར་ལྡི་ལིར་ཕེབས་ཐོན་གནང་སྟེ། ཚེས་ ༢༡ ཉིན་ཏུ་ནི་སིར་ཕེབས་འབྱོར་གནང་རྒྱུ་ཡིན་པ་དང་། ཚེས་ ༢༢ ནས་ ༢༤ བར་ཚོགས་འདུར་མཉམ་ཞུགས་ཀྱིས་གསུང་བཤད་གནང་རྒྱུ་དང་། གནད་ཡོད་ལ་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་རིམ་གྲུབ་བསྟུན་ཚེས་ ༢༥ ཉིན་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག