སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་དུས་ ༡༡ པར་གནང་བའི་མཇུག་བསྡོམས་གསུང་བཤད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་མཐའ་མ་དེ་རེད་བསམས་པ་རེད། ཡིན་ནའང་དེ་རིང་གི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་འདིའི་ཐོག་ནས་ཚོགས་འདུ་འཕར་མ་ཞིག་འཚོགས་དགོས་ཀྱི་ཡོད་སྟབས། ད་རེས་ཚོགས་དུས་མཐའ་མ་མ་ཡིན་པར་གྱུར་པ་རེད། དེ་འདྲ་སོང་ཙང༌། ཚོགས་གཙོའི་གཏམ་བཤད་སྔོན་ནས་གྲ་སྒྲིག་བྱས་བཞག་པ་དེ་ཡང་ཏོག་ཙམ་འགྱུར་བ་གཏོང་དགོས་པ་ཆགས་སོང༌། དེ་རིང་གི་གྲོས་ཚོགས་འདིའི་ནང་གི་ལས་རིམ་གཙོ་བོ་དེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་བྱུང་བའི་ཐོག་ལ་ང་ཚོས་དུས་ཚོད་མང་ཤོས་བཏང་བ་རེད། ཉིན་བཅུ་གཅིག་གི་ནང་ནས་ཕལ་ཆེར་ཉིན་བདུན་བརྒྱད་ཙམ་ཞིག་གསུང་འཕྲིན་རིན་པོ་ཆེའི་སྒང་ལ་བཏང་སྟེ། དེ་རིང་གྲོས་ཚོགས་ཀྱི་སྔོན་རྩིས་ཀྱི་ལས་རིམ་དེ་ཡང་ཉིན་གཅིག་དང་ཕྱེད་ཀའི་ནང་ལ་ཕལ་ཆེར་དེ་སྔ་བྱུང་མ་མྱོང་བའི་གནས་སྟངས་ཤིག་གི་འོག་ལ་བཏང་བ་རེད། དེ་མིན་ལས་རིམ་ཚོགས་ཆུང་ཁག་གི་སྙན་ཐོ་དང༌། དྲི་བ་དྲིས་ལན་དང་ཐུགས་སྣང་གཞེན་སྐུལ་གྱི་ལས་རིམ་ཆ་ཚང་དུས་ཚོད་ཏག་ཏག་ཅིག་གི་ནང་ལ་ཟིན་ཐུབ་པ་དང༌། འགྲོ་ཐུབ་པ། སྒྲུབ་ཐུབ་པ་དེ་གཙོ་བོ་འཛིན་སྐྱོང་བཀའ་ཤག་དང༌། སྤྱི་འཐུས་རྣམ་པ་ཚོས་མཐུན་འགྱུར་གནང་བར་བརྟེན་ནས་བྱུང་བ་རེད།
ཚོགས་གཙོ་སྦྲེལ་པས་ཚོགས་འདུ་འགོ་འཛུགས་མ་ཞུས་པའི་སྔོན་ལ་སེམས་འཚབ་གང་ལ་གང་འཚམ་ཞིག་བྱས་བསྡད་ཡོད། སྔོན་ནས་གསུང་འཕྲིན་རིན་པོ་ཆེ་ཕེབས་ཀྱི་ཡོད་པ་དང༌། ལས་རིམ་འགྲོ་སྟངས་ཀྱི་ཐོག་ནས་གཅིག་བྱས་ན་ཉིན་མ་ཁ་ཤས་ཤིག་འགྱངས་དགོས་ཐུག་མི་ཡོང་ངམ་བསམས་ཡོད་ལ། ལས་རིམ་དེ་ཡང་དོན་དང་ལྡན་པ་ག་ཚོད་ཅིག་ཆགས་ཡོང་བསམ་པའི་སེམས་འཚབ་ཆེན་པོ་ཞིག་ཡོད་ཀྱང༌། རྣམ་པ་ཚོ་ཚང་མས་མཐུན་འགྱུར་རོགས་རམ་གྱི་འོག་ནས་ལས་རིམ་ཚང་མ་དུས་ཐོག་ཏུ་གྲུབ་པ་དང༌། དོན་དང་ལྡན་པ་ཞིག་བྱུང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང༌།
ད་རེས་ཀྱི་གྲོས་ཚོགས་འདིའི་ནང་ལ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྤྱི་ཕེབས་བྱུང་བ་རེད། དེ་ཡང་དངོས་གནས་དྲང་གནས་བོད་མི་སུ་འདྲ་ཞིག་ཡིན་རུང་སེམས་ནང་དུ་མ་ཤོང་བ་ཞིག་དང༌། ད་གང་འདྲ་ཞིག་ཆགས་ཡོང་བསམ་པའི་སེམས་འཚབ་ཆེན་པོ་ཞིག་གི་གནས་སུ་གྱར་བ་རེད། གྲོས་ཚོགས་འཚོགས་བཞིན་དུ་མང་ཚོགས་ནས་ཡི་གེ་མང་པོ་ཞིག་འབྱོར་ཡོང་གྀ་འདུག དེ་རེ་རེ་གཉིས་རེ་བྱས་མིང་བགྲང་མི་དགོས་པའི་ཐོག་ནས་ས་གནས་ཁག་མང་པོ་ཞིག་དང༌། མི་སྒེར་མང་པོ་ཞིག་ནས་བསམ་ཚུལ་ཏོག་ཙམ་མི་འདྲ་བ་དེ་འདྲ་འདུག ད་ལྟའི་བོད་པའི་ཆབ་སྲིད་ཀྱི་འཕོ་འགྱུར་འགྲོ་རྒྱུའི་གནས་སྟངས་དེ་འདྲ་ཞིག་གི་འོག་ལ་སེམས་འཚབ་ཆེན་པོ་དང་ཐུགས་ཁུར་ཆེན་པོ་བཞེས་ནས་གྲོས་ཚོགས་ལ་ཕྱག་བྲིས་ཕུལ་བ་དང༌། སྐུ་སྒེར་ཡིག་ཚང་ལ་ཕུལ་བ། བཀའ་ཤག་ལ་ཕུལ་བ་སོགས་མང་པོ་ཞིག་བྱུང་སོང༌། མི་མང་རྣམ་པ་ཚོའི་ངོས་ནས་བཙན་བྱོལ་བོད་མིའི་གནས་སྟངས་སྐྱོ་པོ་དེ་འདྲ་ཞིག་གི་འོག་ལ་བོད་སྤྱི་པའི་ཆབ་སྲིད་ལ་ཐུགས་འགན་བཞེས་ནས་དུས་ཚོད་བཏང་བ་དང༌། བསམ་བློ་བཏང་བ་དང༌། ཡི་གེ་བཏང་བ་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
རྩ་བའི་དེ་རིང་གྲོས་ཚོགས་ལས་རིམ་འདི་བརྒྱུད་ནས་བོད་ནང་དུ་ཡོད་མཁན་དང༌། བཙན་བྱོལ་ནང་དུ་ཡོད་མཁན་བོད་མི་ཚང་མས་མ་མཁྱེན་པ་ཡོད་མ་རེད། ཁ་སང་ཆོས་རིག་བཀའ་བློན་གྱིས་དཔེ་མཚོན་ཙམ་གྱི་ཐོག་ནས་དུས་བབ་ཚགས་པར་ནང་དུ་གང་བྲིས་ཡོད་པ་དེ་གསུངས་པ་རེད། དེ་དང་དེ་བཞིན་དེང་སང་ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་མཁས་པ་ཡིན་ཟེར་མཁན་དང༌། ཤེས་ཡོན་ཅན་ཡིན་ཟེར་མཁན། དཔྱད་པ་ཡག་པོ་མ་བྱས་ནས་གནད་དོན་འདྲ་མི་འདྲ་འབྲི་མཁན་ཡོང་གི་འདུག ཡང་ཁག་ཅིག་དངོས་གནས་དྲང་གནས་ཚད་དང་ལྡན་པ་དེ་འདྲ་ཡང་ཡོད་རེད། དཔྱད་པ་མ་བྱེད་མཁན་དེ་འདྲ་ལ་བལྟས་པ་ཡིན་ན་མང་དུ་མང་དུ་འགྲོ་བའི་བཟོ་ཞིག་ཆགས་བསྡད་ཀྱི་ཡོད་དུས། དེ་རིང་གི་མཇུག་བསྡོམས་གཏམ་བཤད་འདིའི་ཐོག་ནས་བརྒྱུད་རིམ་ཆ་ཚང་ཞིག་སྙིང་བསྡུས་ཀྱི་ཐོག་ནས་ཞུས་པ་ཡིན་ན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༠ བོད་རྒྱལ་ཡོངས་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་སྐབས་སུ་བཀའ་སློབ་ཕེབས་པ་དང༌། ཕྱི་ཟླ་ ༡༠ ནང་ཊོ་རོན་ཊོ་ལ་རྒྱ་རིགས་ཁག་ཅིག་དང་མཉམ་དུ་མཇལ་འཕྲད་ཀྱྀ་སྐབས་ལ་བཀའ་སློབ་གནང་བ། དེ་ག་ནང་བཞིན་རྒྱལ་ས་ལྡི་ལི་ལ་ཕྱི་ཟླ་ ༡༡ ནང་དུ་ཀ་རན་ཐ་པར་གྱིས་བཅའ་འདྲི་ཞུ་བའི་སྐབས་ལ་བཀའ་ལན་གནང་བ། དེ་ཚོའི་གནས་སྟངས་ཀྱི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་ཐུགས་འཚབ་ཆེན་པོ་ཞེ་དྲག་བྱུང་བ་རེད། འཛིན་སྐྱོང་བཀའ་ཤག་ལ་ཕྱག་བྲིས་མང་པོ་ཕུལ་ཡོད་རེད། སྐུ་སྒེར་ཡིག་ཚང་ལ་ཕྱག་བྲིས་མང་པོ་ཕུལ་ཡོད་རེད། སྤྱི་འཐུས་རྒྱུན་ལས་ནང་དུ་ཕྱག་བྲིས་རབ་དང་རིམ་པ། ཚོགས་པ་སྐྱིད་སྡུག གཞིས་ཆགས། མི་སྒེར། ངོ་བོ་མི་འདྲ་བ་མང་པོ་ཞིག་གི་ཐོག་ནས་སོ་སོའི་བསམ་ཚུལ་བསྟན་ཡོད་པ་དང༌། ལྷག་པར་དུ་དེ་དག་མགྲིན་དབྱངས་གཅིག་གྱུར་གྱི་ཐོག་ནས་ྋརྒྱལ་བ་རིན་པོ་ཆེས་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་མུ་མཐུད་ནས་གནང་དགོས་ཀྱི་འདུག་ཅེས་ཕྱག་བྲིས་རིམ་པར་ཕེབས་པ་རེད། དེ་བྱུང་རིམ་གཅིག་རེད།
བོད་མི་མང་སྤྱི་འཐུས་ཀྱི་ངོས་ནས ༢༠༡༡ ཕྱི་ཟླ་ ༡ ཚེས་ ༥ ལ་ྋརྒྱལ་བ་རིན་པོ་ཆེར་མཚན་འཁོད་སྙན་ཞུ་ཞིག་ཕུལ་བ་རེད། གསོལ་བ་ཕུར་ཚུགས་སུ་བཏབ་ནས་ྋརྒྱལ་བ་རིན་པོ་ཆེས་མུ་འཐུད་ནས་མཛད་འགན་བཞེས་དགོས་ཀྱི་འདུག་ཅེས་གསོལ་འདེབས་ཞུས་ཡོད།  འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འདས་པའི་ལོ་བཅུའི་རིང་ལ་ཕྱི་ནང་གསང་གསུམ། དངོས་ཤུགས་བརྒྱུད་གསུམ་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཞུས་ཡོད་པ་དེ་ད་ལྟ་ང་ཚོར་ཡོངས་གྲགས་ཆགས་བསྡད་ཡོད། དེ་ནས་ད་ལོ་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་ལ་ྋརྒྱལ་བ་རིན་པོ་ཆེས་ཆབ་སྲིད་དང་འཛིན་སྐྱོང་གི་མཛད་འགན་བཞེས་རྒྱུ་མིན་པ་དང༌། མཚན་གནས་རྗེས་འབྲེལ་གྱིས་འགྱུར་བ་གཏང་དགོས་རྒྱུ་དེ་དག་གྲོས་ཚོགས་ལ་བཀའ་གནང་གི་ཡིན་ཞེས་གསུངས་ཡོད་པ་དང༌། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པར་ཚེས་ ༡༤ ཉིན་མོ་ནས་ྋརྒྱལ་བ་རིན་པོ་ཆེས་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་གཞིར་བཞག་པའི་ཐོག་ནས་གྲོས་ཚོགས་ལ་གསུང་འཕྲིན་རྒྱས་པ་ཕེབས་པ་དེ་ཚེས་ ༡༤ ཉིན་མོར་སྙན་སྒྲོན་ཞུས་པ་དང༌། ཐེངས་དང་པོར་ང་རང་ཚོའི་བཙན་བྱོལ་མང་གཙོའི་འཕེལ་རིམ་ནང་དང༌། ཡང་ན་གྲོས་ཚོགས་ཀྱི་ལས་རིམ་གྱི་ལོ་རྒྱུས་ནང་དུ་ྋརྒྱལ་བ་རིན་པོ་ཆེའི་གསུང་འཕྲིན་ཕེབས་ནས་གྲོས་ཚོགས་འཐུས་མི་ཡིན་ནའང་རེད། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ནའང་རེད། གང་ལྟར་ཚོགས་ཁང་འདིའི་ནང་དུ་ཡོད་མཁན་ཚང་མས་སེམས་སྡུག་པའི་ངང་ནས་ྋརྒྱལ་བ་རིན་པོ་ཆེའི་གསུང་འཕྲིན་ལ་དགའ་བསུ་ཞུ་མི་ཐུབ་པའི་གནས་སྟངས་ཤིག་ལ་གྱུར་པ་རེད།
གྲོས་ཚོགས་ཚོགས་ཁང་འདིའི་ནང་གི་ཚོགས་མི་རྣམ་པ་ཚང་མར་ཚོར་བ་ཤུགས་ཆེན་པོ་ཞིག་ཡོད་པ་དང༌། ཚོར་བ་ལྗིད་པོ་ཞིག་རང་བཞིན་གྱིས་བསྟན་ཐུབ་ཡོད་རེད། ཉིན་དང་པོར་གསུང་འཕྲིན་སྙན་སྒྲོན་ཞུས་པ་དང༌།  དེ་ནས་གསུང་འཕྲིན་ལ་ཞིབ་ཚགས་པོའི་ཐོག་ནས་ཐུགས་ཞིབ་གནང་རྒྱུའི་ཆེད་དུ་ཉིན་ལྷག་མ་དེ་དུས་ཚོད་སྟོང་པར་བཞག་པ་དང༌། ཚེས་ ༡༥ ཉིན་གང་གསུང་འཕྲིན་རིན་པོ་ཆེའི་ཐོག་ལ་སྤྱི་འཐུས་མི་རེ་ངོ་རེར་དགོངས་ཚུལ་གསུང་རྒྱུའི་གོ་སྐབས་བྱུང་བ་དེའི་སྐབས་ལ། ཕལ་ཆེར་བརྒྱ་ཆ་དགུ་བཅུ་ལྷག་གིས་ྋརྒྱལ་བ་རིན་པོ་ཆེས་ཐུགས་འགན་མུ་མཐུད་ནས་བཞེས་དགོས་རྒྱུ་གནད་འགག་གཙོ་བོར་བཟུང་བའི་ཐོག་ནས། མི་མང་གི་མངོན་འདོད་དང༌། སྤྱི་འཐུས་སྒེར་སོ་སོར་དགོངས་ཚུལ་གང་ཡོད་པ་དེ་རང་ལ་གཞི་བཅོལ་ནས་དགོངས་ཚུལ་གསུངས་པ་རེད། ཡིན་ནའང་གསུང་འཕྲིན་རིན་པོ་ཆེ་གལ་གནད་ཆེན་པོ་དང་ལོ་རྒྱུས་ལྡན་པའི་ནང་དོན་ཞིག་ཕེབས་ཡོད་པ་སོང་ཙང༌། ད་དུང་དེ་ལ་དུས་ཚོད་ཏོག་ཙམ་ཞིག་མང་དུ་བཏང་ནས་ཚེས་ ༡༦ ཉིན་རྒྱབ་དང༌། ཚེས་ ༡༧ ཉིན་གང་སྤྱི་འཐུས་རྣམ་པ་ཚོ་བཞུགས་མོལ་ཚོགས་འདུ་བསྐོངས་ནས་གོ་བསྡུར་སྦྱངས་བཤད་གནང་བ་རེད། དེ་གནང་བའི་སྐབས་ལ་ཚོར་བ་དེ་མུ་མཐུད་ནས་རང་འཇགས་གནས་བསྡད་པ་རེད། ྋརྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་མུ་མཐུད་དུ་བཞེས་དགོས་ཀྱི་འདུག་ཟེར་བ་དེ་རང་འཇགས་གནས་པའི་ཐོག་ནས་ཚེས་ ༡༨ ཉིན་མོར་ཡང་བསྐྱར་གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་ཞིག་གྲོས་ཚོགས་ཀྱི་ནང་དུ་ཁྱེར་ཡོང་ནས་ཉིན་གང་འདིའི་སྒང་དུ་བགྲོ་གླེང་བྱས། བགྲོ་གླེང་བྱས་པའི་མཐའ་མ་དེར་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་ཅིག་བཞག་པ་རེད། དེའི་ནང་ནས་དོན་གནད་གཙོ་བོ་དེ་ྋརྒྱལ་བ་རིན་པོ་ཆེས་འཛིན་སྐྱོང་དང་ཆབ་སྲིད་ཀྱི་ཐུགས་འགན་མུ་མཐུད་ནས་བཞེས་དགོས་ཀྱི་འདུག་ཅེས་གསོལ་བ་ཕུར་ཚུགས་སུ་གདབ་རྒྱུ་དེ་རེད། ཕྱོགས་གཅིག་ནས་ད་ལྟ་ཚགས་པར་རྒྱག་མཁན་ཚོས་བྲིས་པ་ནང་བཞིན་ྋརྒྱལ་བ་རིན་པོ་ཆེས་གསུང་འཕྲིན་རིན་པོ་ཆེ་དང་བཀའ་གང་གནང་བ་ལ་གྲོས་ཚོགས་ཀྱིས་བདག་པོ་མ་བརྒྱབས་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་རེད་ཟེར་བ་དེ་ལྟ་སྟངས་སྡུག་ས་གཅིག་ནས་བལྟས་ཡོང་གི་ཡོད་རེད།
ཡིན་ནའང་ཚོགས་གཙོ་སྦྲེལ་པོ་དང༌། གྲོས་ཚོགས་འཐུས་མི་རྣམ་པ་མི་མང་གི་སྐུ་ཚབ་རེད། མི་མང་གི་སྐུ་ཚབ་ཡིན་པའི་ཆ་ནས་མི་མང་གི་མངོན་འདོད་དེ་གྲོས་ཚོགས་ཀྱི་ནང་དུ་ཞུ་དགོས་པ་དེ་གལ་ཆེན་པོ་རེད། དེ་གཞིར་བཞག་པའི་ཐོག་ནས་གསོལ་བ་ཕུར་ཚུགས་སུ་གདབ་རྒྱུའི་གྲོས་ཆོད་གཅིག་བཞག་ཐུབ་པ་དེ་ཡང་ལོ་རྒྱུས་ཀྱི་ནང་གལ་གནད་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། དུས་མཚམས་དེ་ཡང་ང་ཚོ་ཡག་པོ་ཞེ་དྲག་ཅིག་གི་ཐོག་ནས་གྲོས་ཆོད་བཞག་ཐུབ་པ་དང༌། དེའི་ཉིན་མོ་བོད་ཟླ་ ༡ ཚེས་ ༡༤ དང༌། ཕྱི་ཟླ་ ༣ ཚེས་ ༡༨ ཆགས་ཡོད་རེད། ཚེས་ ༡༩ ལ་གྲོས་ཆོད་གང་བཞག་པ་དེ་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་བརྒྱུད་ནས་སྐུ་མདུན་ལྋསྙན་གསན་ཞུས་པ་དང༌། དེ་ནས་ྋརྒྱལ་བ་རིན་པོ་ཆེས་གྲོས་ཆོད་དེ་ངོས་ལེན་མ་གནང་བའི་ཐོག་ནས་གསུང་འཕྲིན་རིན་པོ་ཆེར་གང་འཁོད་པ་དེ་ལ་འགྱུར་བ་མེད། གྲོས་ཆོད་དེ་ངོས་ལེན་གནང་ཐབས་མི་འདུག ཕྱིར་སློག་གནང་དགོས་ཡོད་ཅེས་བཀའ་ཕེབས་པ་རེད། ཕྱི་ལོགས་ནས་སྒྲོ་བཏགས་ཏེ་ྋརྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་རྩེད་མོ་རྩེད་ཀྱི་ཡོད་རེད། ཟློས་གར་འཁྲབ་ཀྱི་ཡོད་རེད་ཟེར་བ་དེ་མ་ཡིན་པར། ྋརྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་ངོས་ནས་ཧང་སངས་པའི་ཐུགས་ཐག་ཆོད་པོ་ཞེ་དྲག་ཅིག་གི་ཐོག་ནས་བཀའ་ལྗིད་པོ་དེ་འདྲ་ཞིག་ཕེབས་པ་སོང་ཙང༌། གྲོས་ཚོགས་ཀྱི་ངོས་ནས་གྲོས་ཆོད་བཞག་ཟིན་པ་དེ་འགྱུར་བ་མི་གཏོང་མཐུ་མེད་ཆགས་པ་རེད་མ་གཏོགས། གྲོས་ཚོགས་དང་བཀའ་ཤག་གི་ངོས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ནས་དང་ལེན་ཞུས་བཞག་པ་ཞིག་རྩ་བ་ཉིད་ནས་ཆགས་ཀྱི་ཡོད་མ་རེད་ཅེས་ཞུ་འདོད་བྱུང༌།
ཡང་དེའི་རྗེས་འབྲེལ་གྱི་སྤྱི་འཐུས་ནང་ཁུལ་བཞུགས་མོལ་ཚོགས་འདུ་ཚོགས་པ་རེད། སྤྱི་འཐུས་ཚོ་དང་ང་ཚོ་དགོངས་ཚུལ་བརྗེ་ལེན་དང༌། གོ་བསྡུར། བགྲོ་གླེང་བྱས། གྲོས་ཚོགས་ཀྱི་ནང་ལོགས་སུ་ཡང་གོ་བསྡུར་རིམ་པ་བྱས་ཏེ་ད་ལྟའི་ཆ་ལ་གྲོས་ཆོད་འདི་འདྲ་ཞིག་གཏན་འབེབས་བྱེད་ཐུབ་པ་དེ་ཕྱོགས་གཅིག་ནས་ྋརྒྱལ་བ་རིན་པོ་ཆེའི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་དགོངས་གཞི་དེ་ལ་ང་ཚོ་བློ་ཕམ་ཆེན་པོ་ཡོད་པ་ཞིག་དང༌། ཕྱོགས་གཞན་པ་ཞིག་ནས་ང་ཚོ་སྐབས་བཅུ་བཞི་པ་ལ་འགན་བསྐུར་བ་དེ་འགན་ཁུར་ཐུབ་སོང་བསམ་པའི་ཚོར་བ་ཞིག་གི་ཐོག་ནས་དེ་རིང་གྲོས་ཚོགས་གྲོལ་རྒྱུའི་དུས་ལ་སླེབས་ཀྱི་ཡོད་རེད། དེའི་བར་གྱི་ལས་རིམ་ནང་ད་ལྟ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཡིག་ཆ་ཨང་ ༡༥ པའི་དགོངས་དོན་ཚོགས་གཙོས་བཀའ་བློན་ཁྲྀ་པ་རིན་པོ་ཆེར་འབོད་སྐུལ་ཞུས་པ་ནང་བཞིན་དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེས་ལས་འཆར་ཚོགས་ཆུང་ནང་དུ་ཞུགས་གནང་བ་དང༌། དེ་ག་ནང་བཞིན་ཚོགས་གཙོ་གཞོན་པ་མཆོག་དང༌། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་བཅས་རྣམ་པ་གསུམ་གྱིས་ལས་འཆར་ཚོགས་ཆུང་དུ་དུས་ཡུན་ཐུང་ཐུང་ཞིག་གི་ནང་ཡིག་ཆ་བང་འགྲིག་པོ་དང༌། གཏིང་ཟབ་པོ་ཞེ་དྲག་ཅིག་གྲོས་ཚོགས་ཀྱི་གསོལ་ལྕོག་སྟེང་དུ་བཞག་ཐུབ་པ་དེར་གྲོས་ཚོགས་འཐུས་མི་མང་པོ་ཞིག་ཐུགས་ཐག་ཆོད་པོ་ཡོང་བའི་གཞི་རྩ་ཞིག་ཆགས་སོང་བསམ་པའི་སེམས་ཚོར་བྱུང༌། ཚོགས་ཆུང་གི་ཕྱག་ལས་གནང་མཁན་དཔལ་ལྡན་བཀའ་བློན་ཁྲི་པས་དབུས་པའི་ཚོགས་གཙོ་གཞོན་པ་དང༌། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་བཅས་རྣམ་པ་གསུམ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་རིང་ང་ཚོ་དེ་འདྲ་ཞིག་ལ་འབབ་ཐུབ་པའི་གནས་སྟངས་དེ་དོན་དག་དེ་འདྲ་ཞིག་གི་འོག་ནས་ཆགས་སོང་ཟེར་ནས་ཞུ་འདོད་བྱུང༌།
ད་ལྟའི་ལས་རིམ་དེ་མཇུག་བསྒྲིལ་ཡོད་མ་རེད། ད་རེས་གྲོས་ཆོད་གཞག་རྒྱུ་དེ་ཚོགས་གཙོ་སྦྲེལ་པོས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་འཛུགས་དགོས་རྒྱུ་དང༌། དེ་ཡང་འཕྲལ་དུ་འཛུགས་དགོས་པ་ཞིག་ཆགས་ཡོད་རེད། རེ་བ་ལ་རེས་གཟའ་ཟླ་བ་ལ་ཚོགས་ཆུང་གི་མི་འགྲོ་ཐག་བཅད་ནས་ཕྱག་བྲིས་འབུལ་རྒྱུ་དང༌། རེས་གཟའ་མིག་དམར་ནས་འཚོགས་ཐུབ་རྒྱུའི་རེ་བ་ཞུ་གི་ཡོད། དེ་རིང་གྲོས་ཆོད་ཀྱི་ནང་དུ་དུས་ཚོད་རྒྱས་བཅད་ཡོད་པ་ནང་བཞིན་ཕྱི་ཟླ་ ༤ པའི་ཚེས་ ༡༡ ནང་ཚུན་ཚོགས་དྲུང་ལས་ཁུངས་ལ་འབུལ་ཐུབ་པ་བྱ་རྒྱུ་དང༌། དེའི་བར་དུ་སྤྱི་འཐུས་རྒྱུན་ལས་དང་མཉམ་དུ་གོ་བསྡུར་ཞུ་དགོས་རྒྱུ་དང༌། བཀའ་སྤྱི་ལྷན་རྒྱས་ཀྱི་ཐོག་ནས་གོ་བསྡུར་ཞུ་དགོས་རྒྱུ་དེ་དག་ཞུས་ཏེ། དེ་རིང་གྲོས་ཆོད་བཞག་པ་ནང་བཞིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ཟླ་ ༥ པའི་བདུན་ཕྲག་གསུམ་པ་ནང་ཚུན་ལ་འཚོགས་ཐུབ་རྒྱུར་ཚོགས་གཙོ་སྦྲེལ་པོ་དང༌། ཚོགས་དྲུང་ལས་ཁུངས་ཀྱི་ངོས་ནས་ཧུར་ཐག་འབད་ཐག་ཞུ་རྒྱུ་ཡིན་ཞེས་ཞུ་རྒྱུ་གཅིག་དེ་ཡིན།
ཐེངས་འདིའི་བྱུང་རིམ་ཆ་ཚང་ཞིག་མང་ཚོགས་ཀྱི་ནང་དུ་མཁྱེན་རྟོགས་ཡོང་རྒྱུའི་ཆེད་དུ་ད་ལྟའི་མཇུག་བསྡོམས་གཏམ་བཤད་ནང་ལ་ཞུ་རྒྱུར། དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེར་འབོད་སྐུལ་ཞུ་དགོས་བསམ་བསྡད་ཡོད། དེ་རིང་གི་གྲོས་ཚོགས་ལ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རྒྱུས་ལྡན་པའི་བཀའ་སློབ་གནང་བ་དེའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཕྱི་དྲིལ་ལས་ཁུངས་ལ་མཐུན་རྐྱེན་ཆ་ཚང་ཞིག་ཡོད་སྟབས། དེའི་བྱུང་རིམ་སྙིང་བསྡུས་ཤིག་འོད་སྡེར་ནང་དུ་བརྙན་འཕྲིན་བཟོས་ནས་བོད་མྀའི་འདུ་སྡོད་ས་གནས་ཚང་མར་གང་མགྱོགས་མགྱོགས་འགྲེམས་ཐུབ་རྒྱུ་དང༌། བོད་ནང་དུ་བོད་མི་ཚང་མར་གསལ་པོ་ཞིག་བཟོ་ཐུབ་རྒྱུ་དེ་ཡང་ཧ་ཅང་གི་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག
བོད་ནང་དུ་ཡོད་མཁན་བོད་མི་ཚོར་སེམས་ཚོར་ཡོད་པ་དེ་ཤེས་ཀྱི་ཡོད། ཐད་ཀར་འབྲེལ་བ་བྱེད་རྒྱུའི་གོ་སྐབས་བྱུང་མ་སོང༌། ཡིན་ཡང་འབྲེལ་བ་བྱུང་བའི་མི་ཚོ་དང་སྐད་ཆ་བཤད་པའི་སྐབས་ལ། ྋརྒྱལ་བ་རིན་པོ་ཆེས་ཐུགས་འགན་བཞེས་ཀྱི་མིན་གསུང་དུས་ཁྱེད་རང་ཚོས་དེ་ག་རང་ཡིན་ལབ་ན་ཚར་བ་རེད། ད་ང་རང་ཚོ་བསམ་བློ་གཏང་རྒྱུ་གང་ཡང་ཡོད་མ་རེད་ཅེས་ཁ་པར་ཡང་ལན་མ་བརྒྱབ་པར་མར་བཞག་སོང་ཞེས་དེ་ག་ཙམ་གྱི་སེམས་ཚོར་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། ཡིན་ནའང་ྋརྒྱལ་བ་རིན་པོ་ཆེས་ཆོ་འཕྲུལ་སྨོན་ལམ་གྱི་སྐབས་སུ་བཀའ་སློབ་གནང་བ་དེ་དག་བོད་ནང་དུ་རྒྱང་བསྲིངས་ཏན་ཏན་ཐུབ་པ་ཞིག་བརྒྱུད་ལམ་ཁག་གིས་བྱས་ཡོད་ཀྱི་རེད་བསམ་པའི་རེ་བ་ཡོད། བརྒྱངས་བསྲིངས་བྱས་པ་ནང་བཞིན་གྱིས་བོད་ནང་དུ་ཡོད་པའི་བོད་མི་ཚོས་བསམ་ཞིབ་ཐུབ་པའི་རེ་བ་ཞུ་གི་ཡོད། དགོས་པ་རྒྱུ་མཚན་དང་གནས་དུས་མང་པོ་ཞིག་ལ་གཟིགས་ཏེ་ྋརྒྱལ་བ་རིན་པོ་ཆེས་ཐུགས་ཐག་བཅད་བཞག་པ་ཞིག་ཡིན་པ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་བཀའ་ཕེབས་པ་དེར་བཀའ་བརྩི་དང་ལེན་མ་ཞུ་མཐུ་མེད་ཆགས་ནས་དེ་རིང་ང་ཚོ་ལས་རིམ་འདིའི་ཐོག་འགྲོ་དགོས་པའི་གནས་སྟངས་ལ་སླེབས་པ་འདི་བོད་ནང་དུ་ཡོད་མཁན་བོད་མི་ཚོས་གསལ་པོ་ཞིག་མཁྱེན་དགོས་པ་དང༌། ང་ཚོའི་བཙན་བྱོལ་ནང་དུ་ཡོད་མཁན་བོད་མི་ཚོས་ཀྱང་གསལ་པོ་ཞིག་མཁྱེན་དགོས་ཀྱི་རེད། དེའི་བརྒྱུད་ལམ་ཡག་ཤོས་ཤིག་འོད་སྡེར་ནང་དུ་བཟོ་རྒྱུ་དེ་ཆགས་ས་རེད་བསམས་ནས་བཀའ་ཤག་ལ་འབོད་སྐུལ་ཞུས་པ་དང་ཆབས་ཅིག་ད་ལྟ་ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་འགྱུར་བ་མང་པོ་ཞིག་འགྲོ་བསྡད་པའི་སྐབས་རེད།
སྤྱིར་བཏང་ང་ཚོ་ཆབ་སྲིད་ཀྱི་ཐད་ནས་ཡིན་རུང་འགྱུར་བ་མང་པོ་ཞིག་འགྲོ་གི་ཡོད་རེད། བཀའ་བློན་ཁྲི་པ་གསར་པ་སླེབས་དགོས་རྒྱུ་དང༌། སྤྱི་འཐུས་སྐབས་བཅོ་ལྔ་པ་གསར་པ་སླེབས་དགོས་རྒྱུའི་གནས་སྟངས་ཆགས་ཡོད། དེ་མིན་སྤྱིར་བཏང་གི་སྤྱི་ཚོགས་ནང་དུ་འགྱུར་བ་མང་པོ་ཞིག་འགྲོ་གི་ཡོད་རེད། སྔོན་མའི་དུས་ཚོད་ལ་ྋརྒྱལ་བ་རིན་པོ་ཆེར་ཁ་བཏང་བ་ཙམ་གྱིས་ཉེས་རྡུང་རག་པའི་དུས་ཚོད་དེ་འདྲ་ཡོད་རེད། དེང་སང་ྋརྒྱལ་བ་རིན་པོ་ཆེར་ཁ་བཏང་བ་ཡིན་ན་ད་དུང་ཁ་གཏོང་མཁན་གྱི་མི་དེ་ལ་རྒྱབ་སྐྱོར་བྱེད་པའི་དུས་ཚོད་ལ་སླེབས་བསྡད་ཡོད་རེད། དེ་ག་རེ་ཟེར་དགོས་རེད། ང་རང་ཚོའི་བསོད་ནམས་དམན་པའི་རྐྱེན་གྱིས་ཡིན་ནའང་འདྲ་འདུག ྋརྒྱལ་བ་རིན་པོ་ཆེར་སྐུར་འདེབས་ཞུ་མཁན་གྱི་མི་དེ་གང་ཟག་མི་གཅིག་རེད་དེ།  ད་གིན་སྤྱི་འཐུས་གཅིག་གིས་གོང་དུ་གསུངས་པ་ནང་བཞིན་སྐྱོན་བརྗོད་ཟེར་དུས་སྐྱོན་གཅིག་ལ་མཛུབ་མོ་བཙུགས་ནས་སྐྱོན་བརྗོད་བྱེད་དགོས་པ་རེད་མ་གཏོགས། ཡོན་ཏན་ལ་མཛུབ་མོ་བཙུགས་ནས་སྐྱོན་བརྗོད་བྱས་པ་ཡིན་ན་འགྲིག་ཐབས་ཡོད་མ་རེད་ཅེས་གསུངས་པ་དེ་ངའི་སེམས་ལ་བབས་པོ་ཞིག་བྱུང༌། ད་དུང་མི་དེའི་རིགས་དེ་སྤྱི་ཚོགས་ཀྱི་གོ་གནས་ལ་སླེབས་ནས་སྡིངས་ཆ་བསྐྲུན་རྒྱུ་དང༌། རླུང་འཕྲིན་ཁང་གིས་ཆེད་མངགས་མི་དེ་ཚོ་ལ་གོ་སྐབས་སྤྲོད་པ། དེ་ཚོའི་གྲས་དེས་ང་ཚོའི་སྤྱི་ཚོགས་ལ་ཕན་པའི་ཐོག་ལ་བྱེད་ཀྱི་ཡོད་དམ། ཡང་ན་ང་ཚོའི་སྤྱི་ཚོགས་ལ་གཏོར་བཤིག་གཏོང་རྒྱུའི་ཆེད་དུ་བྱེད་ཀྱི་ཡོད་རེད་དམ། དེའི་དམིགས་ཡུལ་དང་དགོས་པ་དེ་ཚོ་ཤེས་ཀྱི་མི་འདུག སྐབས་རེར་དུས་ཚོད་ཡོད་པའི་སྐབས་ལ་དྲ་རྒྱ་དེ་ཚོའི་ནང་དུ་བལྟ་གི་ཡོད། དེའི་འོག་ལ་མཆན་བརྒྱབས་པ་དེ་འདྲ་ཡང་བལྟ་གི་ཡོད། ྋརྒྱལ་བ་རིན་པོ་ཆེར་སྐྱོན་མེད་པ་ལ་སྐྱོན་བརྗོད་བྱེད་མཁན་གྱི་མི་དེ་ཚོ་ལ་རྒྱབ་སྐྱོར་བྱས་ནས་ཁོའི་འགྲོ་བ་མིའི་ཐོབ་ཐང་རེད། སྨྲ་བརྗོད་རང་དབང་རེད་ཟེར་མཁན་དེ་འདྲ་གང་ལ་གང་འཚམ་ཞིག་ཐོན་ཡོང་གི་འདུག་ཨང་། དེར་རྒྱབ་སྐྱོར་བྱེད་མཁན་དེ་ཚོས་ཁོ་རང་ཚོ་སྨྱུག་ཐོགས་པ། ཤེས་ཡོན་ཅན་ཡིན་ཞེས་ཟེར་གྱི་ཡོད་རེད། ད་དུང་མིང་ཆེན་པོ་ཞིག་ཁྱེར་ནས་དེ་འདྲ་བྱེད་བསྡད་མཁན་མང་པོ་ཞིག་ཡོང་གི་འདུག ྋརྒྱལ་བ་རིན་པོ་ཆེར་སྐྱོན་ཡོད་པ་ཡིན་ན་དངོས་གནས་ཀྱི་སྐྱོན་བརྗོད་བྱ་ཆོག་གི་རེད། ཡིན་ནའང་ྋརྒྱལ་བ་རིན་པོ་ཆེའི་ད་ལྟའི་དགོངས་པ་བཞེས་ཕྱོགས་ལྟ་བུ་ཞིག་ཡིན་ན་ལོ་ནས་ལོ་བསྟུད་བང་བསྒྲིགས་ཏེ་ཕེབས་ནས་ད་ལྟའི་དེ་འདྲ་ཞིག་ལ་མར་བབས་གནང་གི་ཡོད་རེད། དེ་འདྲའི་དགོངས་པ་རྒྱ་ཆེན་པོ་བཞེས་སྡོད་མཁན། འཛམ་བུ་གླིང་ནང་ལ་དབུ་ཁྲིད་འདི་ལྟ་བུ་ཞིག་མེད་པ་ཚང་མས་ཤེས་གསལ་རེད། བར་སྐབས་ཤིག་ལ་་ཚགས་པར་རྒྱག་མཁན་མང་པོ་ཞིག་རྡ་རམ་ས་ལར་འཚང་ཁ་ཤིག་ཤིག་གིས་ཡོང་ནས་ཁོ་རང་ཚོ་ཧང་སངས་བསྡད་ཀྱི་འདུག་ཨང༌། ཁྱེད་རང་ཚོའི་དབུ་ཁྲིད་ནང་བཞིན་དབང་ཆ་མར་རྩིས་སྤྲོད་མཁན་དེ་ལྟ་བུ་ཞིག་ཡོད་མ་རེད། ད་ཁྱེད་རང་ཚོས་དེ་ལ་བདག་པོ་རྒྱག་པའི་དུས་ཚོད་ལ་སླེབས་ཡོད་པ་མ་རེད་དམ་ཞེས་ཁོ་ཚོས་ང་ལ་སྐད་ཆ་འདྲི་གི་འདུག དེར་བརྟེན་དབུ་ཁྲིད་འདི་འདྲ་ཞིག་གི་ཐོག་ལ་སྐུར་འདེབས་དང་སྒྲོ་བཏགས་མང་པོ་ཞིག་བྱས་ཡོང་དུས་སེམས་ལ་ཤོང་གི་མི་འདུག མཚམས་མཚམས་སུ་ཁོང་ཁྲོ་ཟ་ཡོང་གི་འདུག བཟོད་བསྲན་བྱ་རྒྱུའི་ཐབས་ཤེས་མང་པོ་བྱེད་ཀྱི་ཡོད་རུང་ཁོང་ཁྲོ་ཟ་ཡོང་གི་འདུག བྱས་ཙང་དེ་རིང་གི་མཇུག་བསྡོམས་གཏམ་བཤད་འདྀའི་ནང་དུ་འཁྱུག་ཙམ་ཞིག་བཤད་པ་ཡིན་ན་ཕན་གྱི་རེད་བསམ་གྱི་མེད། གཅིག་བྱས་ན་ཚོགས་གཙོས་མཇུག་བསྡོམས་གཏམ་བཤད་དེ་འདྲ་བཤད་འདུག ང་ཚོའི་སྨྲ་བརྗོད་རང་དབང་ལ་དོ་ཕོག་གཏོང་གི་འདུག་ཅེས་དྲ་རྒྱའི་ནང་དུ་བྲིས་མ་སྲིད་པ་མ་རེད། ཡིན་ནའང༌། དེ་ལྟ་བུར་གདོང་ལེན་མ་བྱས་པ་ཡིན་ན་དེའི་རིགས་མང་དུ་མང་དུ་ཕྱིན་ཏེ་ང་ཚོའི་སྤྱི་ཚོགས་རུལ་འགྲོ་རྒྱུའི་ཉེན་ཁ་འདུག ད་ངས་ཐབས་རྡུགས་ནས་བཤད་པ་ཡིན་ན་མཚམས་རེར་ག་རེ་བསམ་གྱི་འདུག་ཟེར་ན། དེ་ངའི་བསམ་ཚུལ་ཙམ་ཞིག་རེད། དཔང་རྟགས་གང་ཡང་མེད། བོད་པའི་གནད་དོན་དང་རྒྱ་ནག་གི་མི་དགའ་སའི་གནད་དོན་གང་འདྲ་ཞིག་ཡིན་རུང་རྒྱ་ནག་གིས་དྲ་རྒྱའི་བརྒྱུད་ལམ་ཐོག་ནས་ཁ་དམག་ཞེ་དྲག་རྒྱག་གི་འདུག་ཨང༌། རྡ་རམ་ས་ལར་ཆེད་མངགས་མི་འགའ་ཤས་ཤིག་བཙུགས་བཞག་མེད་དམ་བསམ་བསམ་དེ་འདྲ་བསམ་བློའི་ནང་དུ་འཁོར་ཡོང་གི་འདུག དཔང་རྟགས་གང་ཡང་མེད། ག་རེ་རེད་ཟེར་ན། འབྲི་སྟངས། བརྗོད་བྱ། དེ་ཚོའི་གྲས་ལ་དུས་ཚོད་ཡོད་སྟངས་ལ་བལྟས་ཡོང་དུས་དེ་འདྲའི་ཚོར་བ་ཞིག་ཡོང་གི་འདུག དེ་རིང་གི་གྲོས་ཚོགས་ཀྱི་ནང་དུ་ཞུ་འདོད་བྱུང་སོང༌།
ན་ནིང་ང་ཚོ་མང་གཙོ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་ཤིག་འབུལ་རྒྱུའི་གོ་སྐབས་བྱུང་བ་རེད། གསེར་གྱི་གཟེངས་རྟགས་ཀྱི་ཐོག་ལ་ཕྱག་ལས་གནང་མཁན་གྱི་ཚོགས་ཆུང་དེ་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་མིན་པ་དང༌། སྤྱི་འཐུས་ནང་ཁུལ་གྱི་ཚོགས་ཆུང་ཞིག་ཡིན་པ་སོང་ཙང་སྙན་ཐོ་དེ་གྲོས་ཚོགས་ཀྱི་ནང་དུ་སླེབས་ཐུབ་ཡོད་མ་རེད། ཚོགས་ཆུང་ནང་ལ་ཕྱག་ལས་གནང་མཁན་སྤྱི་འཐུས་རྒྱལ་ནོར་ཚེ་དབང་ལགས་དང༌། སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས།  ལྷག་པར་དུ་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་འགན་ཆེ་བཞེས་གནང་ཡོད་རེད། དེའི་ཐོག་ལ་དུས་ཚོད་མང་པོ་བཏང་ཡོད་རེད། འགྲོ་སོང་བཏང་ཡོད་རེད། རྣམ་དཔྱོད་བེད་སྤྱོད་བཏང་ཡོད་རེད། དེ་ཡིན་པ་སོང་ཙང་ཚོགས་ཆུང་གི་ཚོགས་མི་གསུམ་ལ་དམིགས་སུ་བཀར་ནས་དེ་རིང་གི་གྲོས་ཚོགས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུའི་འདོད་པ་བྱུང༌།
ད་རེས་ཀྱི་གྲོས་ཚོགས་འདི་ལམ་ལྷོང་ཡོང་བ་ལ་བཀའ་ཤག་གི་ངོས་ནས་མཐུན་འགྱུར་མང་པོ་གནང་བྱུང༌། གྲོས་བསྡུར་བྱེད་སྐབས་གུ་ཡངས་ཞེ་དྲག་གནང་སོང༌། དེ་རིང་ཙམ་དུ་མ་རེད། དུས་རྒྱུན་དུ་ནས་ཚོགས་གཙོ་གཉིས་ཀྱིས་མཚམས་མཚམས་སུ་རྣམ་དཔྱོད་ཀྱྀ་ནུས་པས་མ་འདང་བའི་སྐབས་ལ་ག་དུས་ཡིན་རུང་གོ་བསྡུར་ཞུ་ས་ཞིག་ཆགས་ཀྱི་ཡོད་རེད། དེ་ག་ནང་བཞིན་གྱི་ལམ་སྟོན་ཡང་ཕེབས་ཀྱི་ཡོད་རེད། བཀའ་བློན་ཁྲི་པས་ནམ་རྒྱུན་བཀའ་གནང་སྲོལ་ལ་ལམ་སྟོན་དེ་བཀའ་ཤག་གིས་གྲོས་ཚོགས་ལ་གནང་རྒྱུ་ཡོད་མ་རེད། གྲོས་ཚོགས་ཀྱིས་བཀའ་ཤག་ལ་གནང་དགོས་རེད་ཅེས་གསུངས་ཀྱི་ཡོད་རེད་ཀྱང༌། ང་ཚོས་ག་དུས་ཡིན་རུང་གནད་དོན་གལ་ཆེ་བར་ཐུག་པའི་སྐབས་ལ་བཀའ་ཤག་དང་གྲོས་ཚོགས་ཀྱི་ནུས་པ་གཉིས་མཉམ་དུ་སྤུང་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་ལ་བརྩིས་ནས་གོ་བསྡུར་ཞུ་གི་ཡོད་ལ། གོ་བསྡུར་ཞུས་པའི་འབད་བརྩོན་བྱས་པ་ནང་བཞིན་གྱིས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ག་དུས་ཡིན་རུང་མཐུན་འགྱུར་གནང་བ་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་རིང་གྲོས་ཚོགས་ཀྱི་ནང་དུ་བཀའ་མོལ་མང་པོ་བྱུང་བ་རེད། གྲུབ་ཆ་ཚང་གི་རེད་དམ་མ་རེད། གྲོས་ཚོགས་འཕར་མ་ཞིག་འཚོགས་པ་ཡིན་ན་ཚང་གི་རེད་དམ་མ་རེད་ཟེར་བ་དེའི་ཐོག་ལ་ཕྲན་བུ་ཞིག་ཞུ་འདོད་བྱུང༌། ང་ཚོ་བོད་མི་མང་སྤྱི་འཐུས་ལངས་པའི་སྐབས་ལ་སོ་སོའི་སེམས་ནས་དམ་བཅའ་ཞིག་བཞག་ནས་ལངས་ཀྱི་ཡོད་པ་ཞིག་ངོས་འཛིན་ཞུ་གི་ཡོད། ཡིན་ནའང་སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ཀྱི་ནང་དུ་བཅར་མི་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད་པའི་བཟོ་འདྲ་པོ་ཞིག་མཐོང་གི་འདུག ཡང་ན་བརྒྱ་ཆ་ལྔ་བཅུ་ལོན་ཙམ་ཞིག་ལས་ཡོང་གི་མི་འདུག མི་མང་གི་སྐུ་ཚབ་ཡིན་པའི་ཆ་ནས་གྲོས་ཚོགས་ཀྱི་ནང་དུ་ཡོང་གི་ཡོད་དུས་མི་མང་གི་སྐུ་ཚབ་མཚོན་པའི་བསམ་ཚུལ་གྲོས་ཚོགས་ཀྱི་ནང་དུ་བཤད་ཐུབ་དགོས་པའི་གནས་སྟངས་ཤིག་རང་བཞིན་གྱིས་ཆགས་བསྡད་ཡོད་རེད། ད་རེས་ཀྱི་གྲོས་ཚོགས་འདི་སྐབས་བཅུ་བཞི་པའི་ཚོགས་དུས་མཐའ་མ་རེད་བསམས་ནས་གྲོས་ཚོགས་ཚོགས་དུས་བཅུ་པའི་སྐབས་སུ་ཚོགས་གཙོས་དམིགས་སུ་བཀར་ནས་འབོད་སྐུལ་ཞིག་ཞུས་པ་ཡིན། གནད་དོན་འདི་ཙམ་གྱི་ལྗིད་པོ་ཞིག་ཕེབས་ཀྱི་ཡོད་པ་ཤེས་ཀྱི་ཡོད་མ་རེད། ཡིན་ཡང་ཞུས་པ་རེད་ཀྱང་སྤྱི་འཐུས་ཁག་ཅིག་ཕེབས་ཐུབ་ཡོད་མ་རེད། ཕེབས་པའི་སྤྱི་འཐུས་ཁག་ཅིག་ཀྱང་དགོངས་པ་ཞུས་ནས་ཕེབས་དགོས་པ་དེ་འདྲ་ཆགས་སོང༌། རྩ་བའི་སྒེར་གྱི་ལས་དོན་གལ་ཆེན་པོ་དེ་འདྲ་ཡོད་སྲིད་པ་རེད། སྔོན་མར་བཀའ་བློན་འགའ་ཤས་གྲོས་ཚོགས་འཚོགས་པའི་སྐབས་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ལས་རིམ་སྒྲིག་པའི་སྐབས་ལ། ད་ལྟའི་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཚོགས་གཙོ་ཡིན་པའི་སྐབས་ལ་བཀའ་བཀྱོན་ཕེབས་མྱོང་བ་རེད། བྲེལ་བ་ག་ཚོད་ཡོད་རུང་གྲོས་ཚོགས་ཀྱི་ཚོགས་དུས་དེ་ག་དུས་འཚོགས་ཀྱི་ཡོད་མེད་ཤེས་ཀྱི་ཡོད་རེད། འགན་ཁྱེར་བའི་ཐོག་ནས་གྲོས་ཚོགས་ཀྱི་ནང་དུ་བཅར་དགོས་རྒྱུ་དེ་གལ་ཆེན་པོ་རེད། བཀའ་བློན་ཡན་ཆད་ནས་དེ་འདྲ་གནང་བ་རེད། ད་ལྟའི་བཀའ་བློན་ཁྲི་པ་རིན་པོ་ཆེས་འདས་པའི་ལོ་བཅུ་གནང་བའི་རིང་ལ་བཀའ་ཤག་ལྷན་རྒྱས་ནས་གྲོས་ཚོགས་ཀྱི་དུས་ཡུན་དེའི་རིང་ལ་ལས་དོན་གཞན་པ་གལ་ཆེན་པོ་ག་ཚོད་ཅིག་ཡོད་ཀྱང༌། གྲོས་ཚོགས་ཀྱི་ལས་རིམ་ནང་དུ་འགྲོ་བཞིན་པའི་ལས་དོན་དེ་གལ་ཆེན་པོ་ཡིན་མིན་ལ་མ་ལྟོས་པར། ཛ་དྲག་གིས་སྐུ་སྒེར་ཡིག་ཚང་ལ་བཅར་དགོས་རྒྱུ་དང༌། སྐུ་མདུན་གྱི་མཛད་འཆར་དང་འབྲེལ་བའི་ལས་དོན་གྱི་ཐོག་ནས་བཀའ་བློན་བྱེ་བྲག་པ་གྲོས་ཚོགས་ཚོགས་ཁང་ནང་དུ་བཅར་མ་ཐུབ་པ་མ་གཏོགས། དེ་མིན་ག་དུས་ཡིན་རུང་བཀའ་ཤག་གིས་གྲོས་ཚོགས་ལ་འགན་འཁུར་བའི་ཐོག་ནས། ལན་འདེབས་ཞུ་དགོས་ཀྱི་ཡོད་པའི་ཐོག་ནས། རྩིས་རྒྱག་དགོས་ཀྱི་ཡོད་པའི་ཐོག་ནས། ཐུགས་ཁུར་ཆེན་པོ་དེ་འདྲ་ཞིག་བཞེས་བསྡད་ཡོད་རེད། ང་ཚོ་གྲོས་ཚོགས་ཀྱི་འཐུས་མིར་དེ་བས་ཀྱང་འགན་ཞིག་བབས་བསྡད་ཡོད་རེད། བཀའ་ཤག་གྲོས་ཚོགས་ལ་ཕེབས་ཀྱི་ཡོད་རེད། གསལ་བཤད་གནང་གི་ཡོད་རེད། ལན་འདེབས་གནང་གི་ཡོད་རེད། ཡིན་ནའང་ཕྱག་རྐྱོང་རྒྱུའི་དབང་ཆ་ཡོད་མ་རེད། སྤྱི་འཐུས་རྣམ་པ་ཚོར་ཕྱག་བརྐྱངས་ནས་ཐག་གཅོད་པའི་དབང་ཆ་དེ་ཡོད་རེད། ད་བཅའ་ཁྲིམས་བསྐྱར་བཅོས་ཤིག་བྱེད་དགོས་པ་ཡིན་རུང་གྲངས་ཀ་མ་འདང་བའི་དཀའ་ངལ་གནས་སྟངས་མང་པོ་ཞིག་ཆགས་ཡོང་དུས། མང་ཚོགས་ཀྱིས་གྲོས་ཚོགས་ལ་ཡིད་ཆེས་དང་གདེང་འཇོག་མ་སླེབས་པའི་རྒྱུ་མཚན་ཁག་ཅིག་དེ་ཚོ་ཡང་ཆགས་བསྡད་ཀྱི་ཡོད་རེད། ཁག་ཅིག་གྲོས་ཚོགས་ལ་སླེབས་པ་ཡིན་རུང་ང་རང་ཚོའི་བྱེད་སྟངས་ཀྱི་ཐོག་ནས་མ་འགྲིག་པ་དེ་འདྲ་ཡི་ཐོག་ནས་ཏན་ཏན་ཡོང་གི་ཡོད་རེད། དེར་བརྟེན་གྲོས་ཚོགས་ཚོགས་དུས་འཕར་མ་ཞིག་འཚོགས་རྒྱུ་ཡིན་པ་དེ་རིང་གི་གྲོས་ཚོགས་འདི་ནས་ཐུགས་གཏན་ཁེལ་བ་རེད། དེ་ཡིན་དུས་བསྐྱར་དུ་འབོད་སྐུལ་ཞུ་རྒྱུར། སྤྱི་འཐུས་རྣམ་པ་ཚང་མ་འཛོམས་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་འདུག
གནད་དོན་གཅིག་གཉིས་ཤིག་གི་སྐབས་ལ་གྲོས་ཚོགས་ཀྱི་ནང་དུ་ཐག་གཅོད་བྱེད་པའི་སྐབས་སུ་རྒྱུ་མཚན་འདང་ངེས་གཅིག་ཀྱང་མེད་པའི་ཐོག་ནས་དགག་ཆ་བྱེད་བསྡད་པ་དེ་འདྲ་ཡོང་གི་འདུག ཁྲིམས་གཏན་འབེབས་བྱེད་དུས་ཡིན་ནའང་རེད། གྲོས་ཆོད་བཞག་ནའང་རེད། དེ་ཚོའི་ཐོག་ལ་ཏོག་ཙམ་ཞིག་ཐུགས་བསམ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོ་བགྲོ་གླེང་བྱེད་པ་དེ་ཁྱེད་རང་ལས་ང་མཁས་པ་ཡོད་ཟེར་བའི་སྐད་ཆ་མ་རེད། ཡིན་ནའང་མི་ཚང་མར་མཐོང་རྒྱ་ཐོས་རྒྱ་གཅིག་པ་ཡོད་རེད་ཟེར་ནའང་འདྲ་གི་མ་རེད། གཅིག་པ་མ་རེད། མ་འདྲ་བ་ཡོད་པ་སོང་ཙང་གཞན་པ་ཞིག་གིས་རྒྱུ་མཚན་ལྡན་པའི་སྐད་ཆ་བཤད་ཀྱི་ཡོད་ན་དེ་ལ་ཉན་ནས་སོ་སོའི་བསམ་བློར་འགྱུར་བ་གཏོང་དགོས་པ་ཆགས་ཀྱི་རེད། དེ་ཡིན་དུས་ཡིན་གཅིག་མིན་གཉིས་ཀྱིས་ཨུ་ཚུགས་རྒྱག་དགོས་པ་དེ་ང་ལྟ་བུ་ཡིན་ན་གལ་ཆེན་པོ་མཐོང་གི་མི་འདུག མཚམས་རེར་མང་གཙོའི་ལམ་སྲོལ་ཡིན་དུས་སོ་སོ་དང་གཞན་པའི་དབར་བསམ་བློ་མཐུན་གྱི་མེད་རུང་བསྟུན་དགོས་པའི་གནས་སྟངས། གྲོས་ཚོགས་ཀྱི་ཚོར་བ་བསྟན་རྒྱུ་དང༌། གྲོས་ཚོགས་ཀྱི་ངོ་བོ་བསྟན་རྒྱུའི་ཐོག་ལ་ཏོག་ཙམ་ཏོག་ཙམ་གུ་བཤངས་བྱེད་དགོས་པ་ཡོང་དགོས་ཀྱི་རེད་བསམ་གྱི་ཡོད། ད་ལྟ་གྲོས་ཚོགས་འདིའི་ནང་ལ་གལ་ཆེ་བའི་གནད་དོན་མང་པོ་ཞིག་གི་སྒང་ལ་སྤྱི་མོས་འགྲོ་ཐུབ་ཀྱི་མེད་པ་དེ་འདྲའི་གནས་སྟངས་ཡོང་གི་ཡོད་རེད། བཅའ་ཁྲིམས་བསྐྱར་བཅོས་གཅིག་གྲོས་ཚོགས་སུ་མུ་འཐུད་ནས། ཚོགས་དུས་དགུ་པ། བཅུ་པ། བཅུ་གཅིག བཅས་སུ་ཁྱེར་ཡོད་རེད། སྤྱི་འཐུས་རྒྱུན་ལས་སུ་ཚོགས་གཙོ་ལ་ཨུ་ཚུགས་བརྒྱབས་ནས་གྲོས་ཚོགས་ཀྱི་ནང་དུ་འཁྱེར་ཡོང་གི་ཡོད་རེད་ཅེས་གསུང་མཁན་བྱུང་བ་རེད། ཡིན་ནའང་ཨུ་ཚུགས་རྒྱག་དགོས་པ་རྒྱུ་མཚན་གྱི་ཐོག་ནས་ཨུ་ཚུགས་བརྒྱབས་ཏེ་ཁྱེར་ཡོང་བ་རེད། རྒྱུན་ལས་ཀྱིས་མོས་མཐུན་བྱས་པའི་ཐོག་ནས་ཁྱེར་ཡོང་བ་རེད། གྲོས་ཚོགས་འདིའི་ནང་ལ་ཁྲིམས་འཆར་དེ་ག་རང་ལ་བར་ཆད་འདྲ་པོ་ཞེ་དྲག་འདུག ག་དུས་ཡིན་ཡང་སྤྱི་འཐུས་སུམ་ཅུ་དང༌། སུམ་ཅུ་སོ་གཉིས་ཙམ་མ་གཏོགས་མེད་པའི་སྐབས་ཤིག་ཁེལ་བསྡད་པ་རེད། རྒྱབ་སྐྱོར་བྱེད་མཁན་འགའ་ཤས་ཤིག་སྐད་ཆ་ཤོད་དུས་གཅིག་བཤད། འོས་བླུག་པའི་སྐབས་སུ་མཐོང་རྒྱུ་མེད་པ་དེ་འདྲ་ཡོང་གི་འདུག དེ་འདྲའི་གནས་སྐབས་ལ་ཚང་མས་འགན་ཞིག་ཁྱེར་ནས་གྲོས་ཚོགས་ཀྱི་ནང་དུ་ཆ་ཤས་ལེན་དགོས་རྒྱུ་དེ་གལ་ཆེན་པོ་འདུག སོ་སོར་རྒྱུ་མཚན་ཡང་དག་ཡོད་པ་ཡིན་ན་ཡང་དག་རེད། གཞན་པ་སུ་ཞིག་གིས་ཀྱང་འགྱུར་བ་གཏང་ཐུབ་རྒྱུ་ཡོད་མ་རེད། ཡིན་ནའང་སྔོན་དང་པོ་ནས་སོ་སོའི་ལངས་ཕྱོགས་ཤིག་ཟིན་པའི་སྒོ་ནས་གཞན་པས་འགྲེལ་བཤད་ག་ཚོད་བརྒྱབས་པ་ཡིན་རུང་མགོ་ཚོས་རྒྱུའི་ཐབས་ཤེས་རྩ་བ་ནས་མ་བྱས་པར་དེ་ལ་གདོང་ལེན་བྱ་རྒྱུ་གཅིག་པུའི་བསམ་ཚུལ་འཁྱེར་བསྡད་པ་ཡིན་ན། དེ་ཚོའི་ཐོག་ལ་དཀའ་ངལ་ཞིག་རང་བཞིན་གྱིས་འཕྲད་ཀྱི་འདུག དེ་ཚོའི་གྲས་གནད་དོན་ཁ་ཤས་ཤིག་མཇུག་བསྡོམས་ཐོག་ཞུ་རྒྱུའི་འདོད་པ་བྱུང༌།
ད་རེས་ལས་རིམ་ཚགས་ཚུད་པོ་ཡོང་བ་དེ་ད་གིན་ངས་གོང་དུ་ཞུས་པ་ནང་བཞིན་གྱིས་དཔལ་ལྡན་བཀའ་ཤག་དང༌། སྤྱི་འཐུས་རྣམ་པ་ཚོའི་མཐུན་འགྱུར་འོག་ནས་བྱུང་བ་རེད། ལྷག་པར་དུ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚོ་ཞོགས་པ་སྔ་པོ་ནས་ཡོང༌། དགོང་དྲོ་ཕྱི་པོ་བསྡད་དགོས་པ་དང༌། དྲུང་ཆེ་དང་དྲུང་འཕར། ལས་བྱེད་ཚང་མས་ལས་དོན་དངོས་གནས་དྲང་གནས་ཀྱི་ཚགས་ཚུད་པོ་ཡོང་གི་འདུག ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་དྲུང་ཆེ་དང་དྲུང་འཕར་དབུས་པའི་ལས་བྱེད་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང༌། ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་དེ་ཕྱི་གསལ་ནང་གསལ་ཡོང་རྒྱུའི་ཆེད་དུ་ལོ་ཁ་ཤས་ཤིག་གི་སྔོན་ནས་ཐད་ཀར་རྒྱང་བསྲིངས་བྱེད་བསྡད་ཀྱི་ཡོད་རེད། དེའི་མཐུན་འགྱུར་ཆ་ཚང་ཞིག་འཛིན་སྐྱོང་བཀའ་ཤག་གི་ལམ་སྟོན་གྱི་འོག་ནས་ཕྱི་འབྲེལ་ལས་ཁུངས་ཀྱི་སྒྲ་བརྙན་སྡེ་ཚན་ནས་མཐུན་རྐྱེན་སྦྱོར་གྱི་ཡོད་རེད། དེའི་ལས་བྱེད་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་མིན་ང་ཚོ་ཐེངས་གཅིག་ཡང་བསྐྱར་འཛོམས་རྒྱུའི་གོ་སྐབས་ཡོད་དུས་ཁ་སང་ཏོག་ཙམ་ཞིག་ལུས་སོང་ཨང་བསམ་བསམ་ཞིག་བྱུང་སོང༌། འཛིན་སྐྱོང་བཀའ་ཤག་གིས་ཞལ་ལག་ཅིག་གནང་བ་རེད། ང་ཚོའི་ངོས་ནས་ཕྱག་རྟགས་ཡག་པོ་ཞིག་འབུལ་ཐུབ་སོང་བསམ་བསམ་གྱི་ཚོར་བ་ཞིག་བྱུང༌། ཡིན་ཡང་ཞལ་ལག་གཏོང་རྒྱུ་རག་མ་སོང་བསམ་པའི་ཚོར་བ་ཞིག་ལྷག་བསྡད་པ་རེད། ཡིན་ནའང་ཞལ་ལག་གཏོང་རྒྱུའི་གོ་སྐབས་ཤིག་ཡོང་ས་རེད། དེ་ངང་སྒུག་བྱས་པའི་ཐོག་ནས་དེ་རིང་ཚོགས་འདུ་གྲོལ་བ་ནས་རྗེས་མ་ང་ཚོ་ཚོགས་འདུ་འཕར་མ་མ་འཚོགས་པའི་བར་དུ་བཀའ་བློན་རྣམ་པ་ཚང་མ་དང༌། སྤྱི་འཐུས་རྣམ་པ་ཚང་མ་སྐུ་ཁམས་བདེ་པོའི་ཐོག་ནས་ཡང་བསྐྱར་འཛོམས་ཐུབ་པའི་སྨོན་འདུན་ཞུ་གི་ཡོད། ཐུགས་རྗེ་ཆེ་གནང༌།