སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྡོ་རྗེ་གདན་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

ཇོ་ནང་འགྲོ་ཕན་ལྷན་ཚོགས་ནས་གདན་ཞུས་ལྟར། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕྱི་ཚེས་ ༢༢ ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ལྡི་ལི་བརྒྱུད་རྡོར་གདན་ཆེད་ཕེབས་གནང་སྟེ། ཚེས་ ༢༤ ཉིན་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༢ པར་གཞིས་ལུས་ཇོ་ནང་དགོན་པ་ཁག་ ༢༣ ཙམ་གྱི་སྐུ་ཚབ་དང་འཕགས་ཡུལ་ཇོ་ནང་པའི་མཁན་བླ་རྣམ་པ་དང་བཅས་པའི་འདུ་འཛོམས་སུ་མཉམ་ཞུགས་དང་གསུང་བཤད་གནང་ཡོད་པ་དང་། བོད་ནས་ཕེབས་པའི་ཇོ་ནང་པའི་མི་འཐུས་ནས་རེ་འདུན་བཏོན་པ་ལྟར་དེ་དག་ལྷན་དུ་ཟུར་ཚོགས་གནང་སྟེ་དོགས་སེལ་དང་གསལ་བཤད་དགོས་ངེས་གནང་འདུག་ཅིང་། ཉིན་རྒྱབ་ཚོུད་ ༢ པའི་ཐོག་དབུ་མའི་ལམ་ལས་འགུལ་ཁང་གིས་ཞུས་དོན་ལྟར་བོད་ནས་གསར་དུ་ཕེབས་པའི་ཆོས་ཞུ་བ་ ༣༠༠ ཙམ་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་ནས་རྒྱ་གར་དང་རྒྱལ་སྤྱིའི་ནང་བཀའ་སྤྱི་གཉིས་ཀྱི་ད་བར་ལས་འགུལ་ཇི་སྤེལ་དང་། བར་ལམ་ལོ་རྒྱུས་ལྡན་པའི་འགྱུར་བའི་སྐོར། དབུ་མའི་ལམ་བཅས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་དང་། དགོང་དྲོ་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་ནས་གདན་ཞུས་ལྟར་མི་མང་སྡོད་གནས་གོ་སྒྲིག་ཞུས་པའི་ས་གནས་ཁག་དང་དུས་འཁོར་དབང་ཆེན་གནང་ཡུལ་བཅས་སུ་གཟིགས་སྐོར་གནང་སྟེ། ཚེས་ ༢༥ སྔ་དྲོ་རྡོར་གདན་ནས་ཕེབས་ཐོན་གྱིས་ཚེས་ ༢༦ ཉིན་རྡ་སར་ཕེབས་འབྱོར་བྱུང་ཡོད་པ་རེད། །