སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་བ།

ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་པདྨ་འབྱུང་གནས་མཆོག  སིམ་ལ་ས་གནས་འགོ་འཛིན་ཚེ་རིང་བཀྲ་ཤིས་ལགས་བཅས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བྷི་རི་བྷི་ཧ་རི་ལལ་བྷུ་ཊེལ་ (Shri Brij Bihari Lal Butail ji) མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་བོད་མིའི་སྐུ་ཚབ་རྣམ་པས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་མཇལ་དར་ཕུལ་བ་བརྒྱུད་ཧི་མཱ་ཅལ་མངའ་སྡེ་གྲོས་ཚོགས་བཙུགས་ནས་ལོ་ ༥༠ འཁོར་བར་འཚམས་འདྲི་ཞུས། སྐབས་དེར་ཁོང་རྣམ་པས་ཧི་མཱ་ཅལ་མངའ་སྡེ་གྲོས་ཚོགས་ཀྱི་དགུན་དུས་གྲོས་ཚོགས་དྷ་སའི་ཉེ་ཁུལ་མངའ་སྡེའི་གྲོས་ཚོགས་ཚོགས་ཁང་དུ་བསྐྱང་རྒྱུའི་སྐབས་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་རྒྱུའི་གནད་དོན་ཐོག་བཀའ་བསྡུར་གནང་བ་མ་ཟད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་འདི་ལོའི་ཟླ་ ༡༢ ཚེས་ཤར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གསར་པ་དབུ་འབྱེད་གནང་རྒྱུའི་སྐུ་མགྲོན་གཙོ་བོར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གདན་ཞུ་ལྟར་ཞལ་བཞེས་གནང་ཡོད།

ཕྱོགས་མཚུངས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཧི་མཱ་ཅལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་གནང་རྒྱུ་དང་། མ་འོངས་པར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པ་ཕ་རན་སིའི་གྲོང་ཁྱེར་སི་ཊར་སི་བྷག་གམ་ས་གནས་གང་རུང་ཞིག་ཏུ་འཚོག་རྒྱུའི་སྐབས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ཀྱང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས་པར་ཡང་ཞལ་བཞེས་གནང་ཡོད་པ་རེད།

གཞན་ཡང་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་དགུན་དུས་ཚོགས་འདུ་རིང་མིན་ཕྱི་ཟླ་ ༡༢ པའི་ནང་དྷ་སའི་ཉེ་ཁུལ་འཚོགས་རྒྱུའི་སྐབས་གྲོས་ཚོགས་ཀྱི་ཚོགས་མི་ཡོངས་ལ་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ལེན་གསོལ་སྟོན་འབུལ་རྒྱུའི་སྙན་གསན་ཞུས་པར་ཡང་ཞལ་བཞེས་གནང་ཡོད།སྐབས་དེར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཡང་ངོ་སྤྲོད་སྙིང་བསྡུས་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།