སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་ཨ་རིའི་མི་ནི་སོ་ཊ་ས་གནས་སུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ ཉིན་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་དེ་གའི་ས་གནས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༣༠ ཧྲིལ་པོ་འཁོར་བའི་དགའ་སྟོན་གྱི་བསྐལ་བཟང་ཉིན་མོ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་དུས་ཆེན་གཉིས་འཛོམས་ཀྱི་མཛད་སྒོ་ཞིག་སྲུང་བརྩི་ཞུས་པའི་ཐོག་བྱང་ཨ་རིའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་འདུག

སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོར་མི་ནི་སོ་ཊ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཁེ་རོ་ལིན་ ལ་ཡེན་ (Carolyn Laine member of the Minnesota Senate) མཆོག་དང་། མི་ནི་སོ་ཊ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེ་རིག་ པེ་རཊ་ (Eric Pratt, member of the Minnesota Senate) མཆོག་རྣམ་གཉིས་དང་། གཞན་སྐུ་མགྲོན་ཁག་ཅིག་གིས་གཙོས་སེར་སྐྱ་མི་མང་གྲངས་ཉིས་བརྒྱ་ལྷག་ཚང་འཛོམས་ཀྱིས་ཐོག་མར་ས་གནས་རིག་གཞུང་སློབ་གྲྭའི་སློབ་མ་རྣམས་ཀྱིས་སྣེ་ཁྲིད་འོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གནང་བ་དང། དེ་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ངག་བཅད་སྐར་མ་གཅིག་རིང་ཞུས་རྗེས། རིམ་པས་ནོ་སྦེལ་བསྟོད་དབྱངས་དང་། སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་གིས་གཙོས་གཞན་སྐུ་མགྲོན་རྣམས་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་གནང་ཡོད་འདུག

དེ་ནས་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངག་དབང་འཆི་མེད་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང་། སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་ནས་དུས་ཚོད་ཀྱི་རྐྱེན་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་ཞུས་མ་ཐུབ་ཀྱང་། མང་ཚོགས་རྣམས་ལ་༧རྒྱལ་བའི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་བ་དང། མགོན་པོ་གང་གི་བླང་དོར་བཀའ་སློབ་རྣམས་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བཅངས་ནས་བོད་ཀྱི་རྩ་དོན་དང་། བོད་མིའི་ངོ་བོ་སྲུང་སྐྱོབ། བོད་ཀྱི་སྐད་ཡིག་རིག་གཞུང་མི་ཉམས་རྒྱུད་འཛིན་བཅས་ཀྱི་ཐོག་འབད་འབུངས་དགོས་པ་དྲན་བསྐུལ་དང་།  སྐུ་མགྲོན་གཙོ་བོ་གཉིས་དང་གཞན་ཕྱི་མི་སྐུ་མགྲོན་རྣམས་ལ་དམིགས་ནས་ཨིན་སྐད་ཐོག་རྒྱ་དམར་གཞུང་གིས་མུ་མཐུད་གདུག་རྩུབ་ཅན་གྱི་སྲིད་བྱུས་དང་། དྲག་གནོོན་འོག་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་ནང་༧རྒྱལ་བའི་སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་པ་དང་། བོད་རིགས་སློབ་ཐོན་སློབ་མ་རྣམས་གཞུང་གི་ལས་གནས་སུ་ཞུགས་པར་རང་ཉིད་ཀྱི་རྩ་བའི་བླ་མ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་དགོས་པའི་སྔོན་འགྲོའི་ཆ་རྐྱེན་དུ་བཙན་འགེལ་བྱས་པ་སོགས་འགྲེལ་བརྗོད་ཞུས་ཏེ། སྐུ་མགྲོན་གཙོ་བོ་གཉིས་ལ་གཤམ་གསལ་འབོད་སྐུལ་གསུམ་ཞུས་འདུག་པ་དང་། དེ་ཡང་དང་པོ། བོད་དོན་གདུང་སེམས་མཉམ་སྐྱེད་སླད་གསུམ་བཅུའི་དུས་དྲན་ཉིན་མི་ནི་སོ་ཊའི་མངའ་སྡེའི་གྲོས་ཚོགས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་དགོས་པ་དང་། གཉིས་པ། མི་ནི་སོ་ཊའི་མངའ་སྡེའི་གྲོས་ཚོགས་ནང་སྲིད་དོན་ཚོགས་པ་གཉིས་ཟུང་སྦྲེལ་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་གནང་རྒྱུ།  གསུམ་པ། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་ཉོ་ཆེད་དཔལ་འབྱོར་གྱི་མཐུན་འགྱུར་དང་ལམ་སྟོན་གང་ཐུབ་གནང་རྒྱུ་བཅས་ཡིན་འདུག

དེ་ནས་སྐུ་མགྲོན་གཙོ་བོ་ལྕམ་སྐུ་ཁེ་རོ་ལིན་ ལ་ཡེན་མཆོག་ནས་གསུང་བཤད་གནང་སྐབས། བོད་དོན་དང་སྤྱི་ཁང་གསར་ཉོ་ཆེད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་དང། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨེ་རིག་ པེ་རཊ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། རིག་གཞུང་སྲུང་སྐྱོབ་གལ་གནད་སྐོར་བཅས་གསུང་བཤད་གནང་རྗེས། ཁོང་རྣམ་གཉིས་ནས་མངའ་སྡེའི་གྲོས་ཚོགས་གོང་མའི་ནང་ཉེ་ཆར་བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་དགོངས་བཞེས་དང་ལམ་སྟོན་བཀའ་སློབ་གཞིར་བཟུང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱི་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་བྱམས་བརྩེ་གོང་འཕེལ་སོགས་ཀྱི་ཐད་ཞབས་འདེགས་རླབས་ཆེན་བསྒྲུབས་པར་ཆེ་བསྟོད་ཀྱིས་གྲོས་ཆོད་བཞག་གནང་བའི་འདྲ་བཤུས་ཞིག་གནང་འདུག

དེ་རྗེས་རིག་གཞུང་སློབ་གྲྭའི་སློབ་མ་རྣམས་དང་མི་མང་ནས་རྟེན་འབྲེལ་མཚོན་བྱེད། རིག་གཞུང་གཞས་སྣ་ཁག་གཟིགས་འབུལ་དང་། ཏཱ་ལའི་བླ་མ་ནི་ཚན་རིག་པ་ཞིག་རེད་ (Dalai Lama : The Scientist) ཅེས་པའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་གྲུབ་མཚམས། མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་འདུག་པ་བཅས། །