སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་དང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་རྣམ་གཉིས་ནས་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་པ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་སུད་ཚོང་ས་གནས་ཁག་བཅས་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་དང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢ ནས་ ༢༡ བར་རྒྱ་གར་དབུས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་སྦན་ད་ར་ནོར་རྒྱས་གླིང་དང་། མན་སྤར་ཕན་བདེ་གླིང་། དེ་བཞིན་བོད་མིའི་སུད་ཚོང་ཁྲོམ་ས་ཁག་ ༡༠ བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་ཡོད།
དེ་ཡང་སྤྱི་འཐུས་རྣམ་གཉིས་མཆོག་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་རྡ་ས་དང་ཧོན་སུར་རབ་རྒྱས་གླིང་ས་གནས་སོ་སོ་ནས་ཐོན་ཏེ། ཚེས་ ༣ ཉིན་མཁའ་ལམ་བརྒྱུད་དགོང་དྲོ་ཆུ་ཚོད་ ༤:༣༠ དང་ ༥:༣༠ སོ་སོར་ནག་སྤུར་ས་གནས་སུ་འབྱོར་སྐབས་སྦན་ད་ར་ས་གནས་འགོ་འཛིན་དང་། ས་འཐུས། ནག་སྤུར་བོད་མིའི་སུད་ཚོང་ཚོགས་གཙོ་བཅས་ནས་སྣེ་ལེན་ཕེབས་བསུ་གནང་ཡོད་འདུག

 

 

 

 

ཕྱི་ཚེས་ ༤ ཉིན་ལས་རིམ་དབུ་འཛུགས་ཀྱིས་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་ནག་སྤུར་བོད་མིའི་སུད་ཚོང་ཁྲོམ་སར་འབྱོར་སྐབས་སུད་ཚོང་འགོ་ལས་དང་། མི་མང། ཕྱོགས་བཞུགས་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་བཅས་ནས་སྣེ་ལེན་གཟབ་རྒྱས་གནང་རྗེས་མང་ཚོགས་འདུ་འཛོམས་སར་འབྲེལ་ཡོད་སྦན་ད་ར་ས་གནས་འགོ་འཛིན་ནས་སྤྱི་འཐུས་རྣམ་གཉིས་ངོ་སྤྲོད་དང་། དེའི་རྗེས་སུད་ཚོང་འཐུས་མི་བསྟན་འཛིན་པ་སངས་ལགས་ནས་སུད་ཚོང་བའི་ལས་བསྡོམས་སྙན་སེང་གནང་། དེ་ནས་སྤྱི་འཐུས་རྣམ་གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དང་། ཤེས་ཡོན་བཟང་སྤྱོད། རྒྱལ་སྤྱིའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན། རྒྱ་གར་གཞུང་དང་མི་མང་རྣམས་ཀྱི་བོད་མིའི་རྩ་དོན་ཐོག་བཀའ་དྲིན། བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་གཅེས་འཛིན་དང་དོ་སྣང་དགོས་གལ་སོགས་ཀྱི་སྐོར་བཀའ་སློབ་གསུང་བཤད་གནང་ཡོད་འདུག གཞན་ཡང་གཞིས་ཆགས་སོ་སོའི་ནང་ས་གནས་འགོ་འཛིན་དང། ས་འཐུས། སློབ་གྲྭའི་དགེ་ལས། ཕྱི་ནང་སྨན་ཁང་གི་འགན་འཛིན། སྤྱི་མི་དང་བརྒྱ་དཔོན་བཅས་ཀྱི་ལྷན་དུ་བཞུགས་མོལ་ཚོགས་འདུ་ཚོགས་གནང་འདུག

 

 

 

 

ཕྱོགས་མཚུངས་གཟིགས་སྐོར་ཕེབས་ཡུལ་གཞིས་ཆགས་ཁག་གཉིས་དང་། ཁྱབ་ཁོངས་དགོན་སྡེ་ཁག སློབ་གྲྭ་ཁག སུད་ཚོང་ས་གནས་གཞན་ཁག་བཅས་ཀྱི་འགོ་ལས་མི་མང་དང། གྲྭ་བཙུན། སློབ་ཕྲུག་བཅས་ནས་སྤྱི་འཐུས་རྣམ་གཉིས་ལ་སྐབས་དུས་སོ་སོར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་དང་། ས་གནས་སོ་སོའི་མི་མང་དང་། སློབ་ཕྲུག སུད་ཚོང་བ་བཅས་རྒྱས་འཛོམས་ཚོགས་འདུ་སོ་སོའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་གོང་བཞིན་བཀའ་སློབ་ལམ་སྟོན་དང་གསུང་བཤད་གནང་བ་མ་ཟད། ཁུངས་སོ་སོའི་བདེ་སྡུག་གནས་སྟངས་གཟིགས་ཞིབ་ཀྱིས་དཀའ་སེལ་མཐུན་འགྱུར་ཞུས་འོས་གནང་ཡོད་འདུག
གཟིགས་སྐོར་ཕྱོགས་ཕེབས་སྐབས་བོད་མིའི་གཞིས་ཆགས་ཁག་དང་བོད་མིའི་སུད་ཚོང་ཁྲོམ་ས་སོ་སོའི་མི་མང་ནས་བསམ་ཚུལ་བསྡུ་ལེན་དང། བཞུགས་མོལ་ཚོགས་འདུ་ཐེངས་གཅིག་དང། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུངས་བཤད་ཐེངས་ ༡༣ ཙམ་གནང་ཡོད།
ལྷག་པར་དུ་བོད་མིའི་སུད་ཚོང་ཁྲོམ་ས་ཁག་སོ་སོའི་ཧིན་བོད་མཛའ་ཚོགས་འཐུས་མི་དང། བོད་དོན་རྒྱབ་སྐྱོར་བ། བཟོ་གྲྭའི་བདག་པོ། དེ་བཞིན་ས་གནས་ཁག་གི་གནད་ཡོད་རྒྱ་གར་དཔོན་རིགས་དང་མངའ་སྡེ་ཁག་སོ་སོའི་གྲོས་ཚོགས་འཐུས་མི་བཅས་མཇལ་འཕྲད་ཀྱིས་ས་གནས་གཞུང་དང་འབྲེལ་ཡོད་མི་སྣ་རྣམས་ནས་བོད་མིར་རོགས་རམ་གནང་བར་ཐུགས་རྗེ་ཆེ་དང་། མ་འོངས་པར་མུ་མཐུད་བོད་མིའི་དཀའ་སེལ་སླད་འབོད་སྐུལ་ཞུས་པ་ལྟར་ཞལ་བཞེས་བཟང་པོ་ཐོབ་པའང་བྱུང་ཡོད་འདུག


གཟིགས་སྐོར་ཕྱོགས་བསྐྱོད་སྐབས་བོད་མིའི་གཞིས་ཆགས་ཁག་དང་སུད་ཚོང་ཁྲོམ་སའི་བོད་མི་ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་དགོས་རིགས། དགོན་སྡེ་ཁག་དང་། སློབ་གྲྭ། ཁྲོམ་ས། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕྱོགས་ཕེབས་ཉིན་གྲངས་ཁྱོན་ ༢༠ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་ཟིན།
ད་རེས་སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་ཡུན་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།