སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་རྣམ་གཉིས་ནས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སོགས་མཇལ་འཕྲད་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་རྣམ་གཉིས་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་ཐོག་མའི་འཚམས་གཟིགས་ཕེབས་རྒྱུའི་ཁྱབ་ཁོངས་སིམ་ལ་ (Shimla) གྲོང་ཁྱེར་སོགས་ས་གནས་ཁག་མི་འདྲ་བ་ ༡༧ ལ་འཚམས་གཟིགས་ཀྱི་ལས་རིམ་འགྲོ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༦ ནས་ ༡༨ བར་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དང་། ཁྱབ་ཁོངས་ཁ་འཐོར་གཞིས་ཆགས་ཁག་གི་མི་མང་ལ་འཚམས་གཟིགས་དང་། དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་རཱ་ཇེནྡྲ་ཝིཤྭ་ནཐ་ཨར་ལེ་ཀར་ (Shri. Rajendra Vishwanath Arlekar, the Governor of Himachal Pradesh) མཆོག་དང་མཇལ་འཕྲད་སོགས་སིམ་ལ་ཁུལ་གྱི་ལས་རིམ་ཁག་ལེགས་པར་གྲུབ་པ་གནང་ཡོད།

ཕྱི་ཚེས ༡༨ ཉིན་གྱི་ཕྱི་དྲོ་སིམ་ལ་ནས་ཕེབས་ཐོན་གྱིས་བོན་གཞིས་ཌོ་ལན་ཇི་ཐོབ་རྒྱལ་གསར་པར་འབྱོར་བ་དང་། ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་གཡུང་དྲུང་བོན་གྱི་བསྟན་པའི་༧གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཇལ་བཅར་ཞུས་ཏེ། གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་། བཙུན་དགོན་རདྣ་སྨན་གླིང་སོགས་མཆོད་མཇལ་དང་། དེ་རྗེས་སེར་སྐྱ་མི་མང་ཡོངས་དང་། སློབ་གྲྭ་སོགས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གཞིས་སྐོར་འཚམས་གཟིགས་ལེགས་པར་གྲུབ་ནས་སྤོན་ཊ་ཆོལ་གསུམ་སོགས་གཞིས་ཆགས་ཁག་ལ་ལས་རིམ་བསྐྱངས་དང་སྐྱོང་བཞིན་ཡོད་པ་བཅས། །