སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་རྣམ་གཉིས་ལ་དྭགས་སླེ་ས་ཁུལ་གྱི་སྤྱི་འཐུས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད་འདུག

དེ་ཡང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་༢༥ ནས་ཕྱི་ཟླ་༩ པའི་ཚེས་༢ བར་ལ་དྭགས་སླེ་ཁུལ་ལ་གཟིགས་སྐོར་གནང་རྗེས། བྱང་ཐང་ཕྱོགས་སུ་ཕེབས་ཀྱིན་ཡོད་པ་རེད་འདུག

ཕྱི་ཟླ་༨ ཚེས་༢༥ ཞོགས་པ་ལྡི་ལི་ནས་ལ་དྭགས་སླེ་གནམ་ཐང་ལ་ཕེབས་འབྱོར་སྐབས་ལ་སྤྱི་དང་ས་འཐུས་ཚོགས་གཙོ་བཅས་ནས་ཕེབས་བསུ་དང་། གནམ་ཐང་ནས་ཐད་ཀར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཁག་ ༡༥ ཡི་ཚོགས་ཆེན་ཐེངས་༡༨ པའི་མཛད་སྒོའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར་ཕེབས་བཅར་ཞུས་གནང་ཡོད་འདུག  དགོང་དྲོ་དཔལ་ལྡན་ཚོགས་གཙོ་མཆོག་དབུ་བཞུགས་ཀྱིས་ལ་དྭགས་སླེ་བྱང་གཉིས་ཀྱི་གནད་ཡོད་མི་སྣ་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་། ཕྱི་ཚེས་༢༦ ཉིན་སྤྱི་ལེ་༡༠༢ ཙམ་ཡོད་པའི་སྤང་མགོན་མཚོར་གནས་མཇལ་དང་།

ཕྱི་ཚེས་༢༧/༢༨ ཉིན་གཉིས་རིང་སླེ་བསོད་ནམས་གླིང་གཞིས་གྲོང་ ༡༢ དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་དགོན་སྡེ་ཁག་ལ་གཟིགས་སྐོར་དང་བོད་ཁྱིམ་སློབ་གྲྭར་ཚོགས་འདུ་བསྡུས་ནས་དགེ་སློབ་ཡོངས་ལ་ཤེས་ཡོན་གྱི་གལ་གནད་དང་། སློབ་མར་འོས་འགན་གང་ཡོད། བོད་ཀྱི་སོན་རྩ་བརྗོད་པ་བཞིན་འབྱུང་འགྱུར་བོད་མིའི་བདག་པོར་འགྱུར་དགོས་པ་སོགས་ཀྱི་གསུང་བཤད་གནང་འདུག ཉིན་རྒྱབ་ཆུ་ཤུལ་མི་མང་ལ་དམིགས་བསལ་ཚོགས་འདུ་བསྡུས་ནས་ལྷ་རབ་བྱུང་ན་མུ་མཐུད་གཞིས་ས་དེ་ཉིད་སྟོང་མི་རུང་བ་དང་། འབྲོག་པའི་འཚོ་བ་ལྷིང་འཇགས་དེའི་བྲོ་བ་བརླག་མི་རུང་ཚུལ་དང་། དེ་ལྟར་མ་བྱུང་ཚེ་འབྱུང་འགྱུར་འཚོ་བའི་དཀའ་སེལ་ལ་ལས་རིམ་སྒྲིག་དགོས་ཚུལ་གྱི་ལམ་སྟོན་གནང་། ཕྱི་ཟླ་ ༩ ཚེས་ ༡ ཉིན་ཞོགས་པ་ཚོུད་༩ པའི་ཐོག་ Hill Councilor Dorje Motup ལ་དྭགས་རང་སྐྱོང་རིག་གཞུང་ཡར་རྒྱས་ཚོགས་པའི་དེད་དཔོན་རྡོ་རྗེ་མོ་ཐུབ་མཆོག་ལ་མཇལ་འཕྲད་ཀྱིས་སྤྱིར་རྒྱ་གར་གཞུང་མང་གཉིས་བཀའ་དྲིན་ཆེ་ཚུལ་དང་། དམིགས་བསལ་ས་གནས་ལ་དྭགས་གཞུང་མང་གཉིས་ཀྱི་བཀའ་དྲིན་འོག་ལ་དྭགས་སླེ་བྱང་ཁུལ་གྱི་མི་མང་༧༥༠༠ ཙམ་ལ་དགོས་མཁོ་གང་ཡོང་བསྩལ་དང་སྩོལ་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་།

༧གོང་ས་མཆོག་གིས་ཐུགས་རེ་ལྟར་སྲིད་བློན་དམ་པ་ནེ་རུ་སོགས་དཔོན་རིགས་རིམ་པའི་བཀའ་དྲིན་འོག་བོད་མི་བཙན་བྱོལ་བ་རྣམས་ལ་གཞིས་ཆགས་ཁག་གསར་འཛུགས་དང་། སློབ་གྲྭ། དགོན་སྡེ་ལོགས་སུ་བཙུགས་ནས་བོད་མི་རིགས་ཀྱི་རིག་གཞུང་སླར་གསོ་ལ་བཀའ་དྲིན་ཆེན་པོ་བྱུང་ཡོད་ཚུལ་དང་། འབྱུང་འགྱུར་ཡང་ལ་བྱང་གི་ལས་གཞི་སོགས་བོད་མིའི་འཚོ་བར་ཕན་པའི་ལས་གཞི་གང་ཡོང་ཁག་ལ་རོགས་རམ་དང་། བོད་མིའི་ཁྲོམ་ས་ཁག་གི་དཀའ་སེལ་གང་མགྱོགས་ཡོང་ཐབས་བཅས་ལ་སྔར་ལྷག་རོགས་མགོན་ཡོང་བའི་རེ་བསྐུལ་ཞུས་པ་ལྟར། ཐུགས་ཚོར་ཆེན་པོས་ཁོང་རང་ཡང་བྱང་ཐང་གི་མི་ཡིན་པ་ལྟར་དཀའ་སྡུག་དངོས་ཡོད་ཤེས་ཚུལ་དང་། ལས་གཞི་དེ་རིགས་འགྲོ་བཞིན་པ་ཡིན་པས་ཁོང་གིས་ཐབས་ལམ་ཡོད་ཚད་སྤྱད་ནས་རོགས་སྐྱོར་གང་ཡོང་ཡོང་བྱེད་ངེས་ཡིན་པའི་བཀའ་གནང་འདུག

ཕྱི་ཟླ་༩/༢ ཉིན་བཙལ་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༨ འཁོར་བའི་དུས་དྲན་མཛད་སྒོ་དང་མི་མང་ཚོགས་འདུའི་ཐོག་སྤྱི་འཐུས་རྣམ་གཉིས་སྐུ་མགྲོན་གཙོ་བོར་ཕེབས་ནས་ལ་དྭགས་མང་ཚོགས་ལ་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ནས་བོད་ཀྱི་ལོ་རྒྱུས་ལས་འཕྲོས་ཏེ་བོད་མི་རིགས་དང་རྒྱལ་ཁབ་གཟི་བརྗིད་དང་ལྡན་པར་བྱུང་ཡོད་པ་ནི་ཤེས་འཇོན་དང་། ལྷག་བསམ། སྙིང་སྟོབས། ཁྱད་པར་གཅིག་སྒྲིལ་ལས་བྱུང་ཡོད་པ་ལྟར་མཐུན་སྒྲིལ་གལ་ཆེའི་རང་བཞིན་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་གང་ཡོད་དང་། རྒྱ་ནག་གི་ཆབ་སྲིད་འགྱུར་ལྡོག་སྐོར། རྒྱལ་སྤྱིའི་བོད་ལ་བཟུང་བའི་གནས་སྟངས་དང་། བོད་མིའི་བདག་པོ་བོད་མི་རང་ཡིན་དགོས་པ་ལས་གཞན་ལ་རེ་བ་ཆེན་པོ་བཅང་མི་རུང་ཚུལ་གྱི་བཀའ་སློབ་གནང་ཡོད་འདུག་པ་དང་།

བོད་མི་མང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་གིས་༧གོང་ས་མཆོག་གི་སྐུའི་རྣམ་ཐར་དང་། མང་གཙོའི་འཕེལ་རིམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་སྤྱི་དང་། ལས་དོན་བྱེད་ཕྱོགས། དབུ་མའི་ལམ་གྱི་བྱུང་རབས་སོགས་ཀྱི་སྐོར་གསུང་བཤད་གནང་བ་མ་ཟད། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་ནས་དུས་དྲན་མཛད་སྒོ་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་ཡོད་འདུག

ཕྱི་ཟླ་༩ ཚེས་༣ ནས་བཟུང་སྤྱི་འཐུས་རྣམ་གཉིས་ལ་དྭགས་བྱང་ཐང་གི་ས་ཁུལ་ཁག་དགུ་དང་། དེ་རྗེས་ཀར་གྷིལ་དང་། ཤྲི་ན་གྷར། ཇ་མུ་བཅས་སུ་རིམ་བཞིན་འཚམས་གཟིགས་ཕེབས་གནང་རྒྱུ་ཡིན་པ་བཅས། །