སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༨ ཚེས་ ༢༣ ནས་ཕྱི་ཟླ་ ༩ ཚེས་ ༡༠ བར་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ལ་དྭགས་སླེ་བྱང་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ཕྱི་ཟླ་ ༨ ཚེས་ ༢༣ ཉིན་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་ཕྱི་ཚེས ༢༣ ཉིན་སྦེང་ལོར་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༤ ཉིན་ལྡི་ལིར་མཉམ་འཛོམས་གནང་རྒྱུ། ཕྱི་ཚེས་ ༢༥ ཉིན་སྤྱི་འཐུས་རྣམ་གཉིས་ལྡི་ལི་ནས་ལ་དྭགས་སུ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༢༦ ནས་སླེ་ས་ཁུལ་དུ་ཉིན་ ༧ རིང་ལས་རིམ་དང་མང་གཙོ་དུས་ཆེན་བཅས་ལ་མཉམ་ཞུགས། ཕྱི་ཟླ་ ༩ ཚེས་ ༣ ནས་ཚེས་ ༧ བར་ལ་བྱང་ཁུལ་དུ་ལས་རིམ། ཕྱི་ཚེས་ ༨ ནས་ཚེས་ ༩ བར་ཀར་གྷིལ་དང་། སི་རི་ན་གར་སོགས་ཀྱི་ས་གནས་ཁག་ལ་ལས་རིམ། ཕྱི་ཚེས་ ༡༠ ཉིན་སྤྱི་འཐུས་རྣམ་གཉིས་ལྡི་ལི་ནས་སྦེང་ལོར་བརྒྱུད་ཕྱི་ཚེས་ ༡༡ ཉིན་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །