སྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་དང་སྤྱི་འཐུས་སྒྲོལ་མ་ཚེ་རིང་གཉིས་ལྷོ་ཕྱོགས་ས་ཁུལ་ཁག་ལ་འཚམས་གཟིགས་ལེགས་གྲུབ།

སྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་ལགས་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༢ ནས་ ༢༠༡༡ ཟླ་ ༨ ཚེས་ ༢༢ བར། ཅེ་ནའི་དང་། སྤོན་ཌི་ཅ་རི། ཨོ་རོ་ཝི་ལི། ཀྲི་རི་ཅི། ཀོ་ཅི། མེང་ལོར་སོགས་ཀྱི་མཐོ་སློབ་ཁག་དང་། བོད་མི་སུད་ཚོང་བ་དང་། བདེ་སླར་གཞིས་ཆགས་བཅས་པར་གཟིགས་སྐོར་ལེགས་པར་གྲུབ་ཡོད་པ་དང་། འཚམས་གཟིགས་སྐབས། མཐོ་སློབ་ཁག་ཏུ་འབྲེལ་ཡོད་སློབ་དཔོན་ཆེན་མོ་དང་། ལས་དོན་འབྲེལ་ཆགས་ཀྱི་འགན་འཁུར་མི་སྣ་སོགས་དང་མཇལ་འཕྲད་ཀྱིས། བོད་མིའི་གནས་སྟངས་སྤྱི་དང་སློབ་ཕྲུག་གི་ཤེས་ཡོན་སྐོར་ལ་ངོ་སྤྲོད་དང་བདེ་སྡུག་གོ་བསྡུར་གནང་ཡོད་པ་དང་། མེང་ལོར་དུ་འཚམས་གཟིགས་སྐབས། ཤྲི་ནི་ཝ་སི་མཐོ་སློབ་ཀྱི་ Srinivas Group of Colleges སློབ་སྤྱི་ཨའི་ཐལ་ Dr. P.S. Aithal མཆོག་ནས་ཁ་སྔོན་འབྲུག་རྒྱལ་ཁབ་ཀྱི་ཤེས་ཡོན་རྩེ་ཕུད་ ༢ ནས་ ༣ ལ་སློབ་ཡོན་ (Tutition Fees) ཆག་ཡང་ཐོག་བཞེས་བཞིན་ཡོད་པ་ལྟར་བོད་ཀྱི་སློབ་ཕྲུག་ལའང་དེ་ལྟར་སློབ་ཕྲུག་རྩེ་ཕུད་གཉིས་ནས་གསུམ་ལ་དགོངས་བཞེས་གནང་རྒྱུའི་ཞལ་བཞེས་ཐོབ་པ་ཁག་སློབ་ཕྲུག་གི་ཚོགས་གཙོ་ལྷན་བཅར་ལ་ངོ་སྤྲོད་ཀྱིས་རྗེས་སུ་སློབ་ཕྲུག་མཐུན་ཚོགས་ནས་འབྲེལ་མཐུད་སྐབས་དགོངས་བཞེས་ཡོད་པ་ཞུས། དེ་རྗེས་ Unity Academy of Education ཞེས་པའི་མེང་ལོར་ནང་སྨན་ཞབས་པའི་མཐོ་སློབ་རྙིང་ཤོས་ཡིན་པའི་སློབ་སྤྱི་ Mr. P. Naraywanan མཆོག་ནས་ཀྱང་སྨན་ཞབས་པའི་ཞབས་སྟེགས་རེར་ལོ་ལྟར་སྒོར་དྲུག་སྟོང་རེ་ཆག་ཡང་གི་ཞལ་བཞེས་ཐོབ་པའི་ཡིག་ཆ་ཁག་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོར་བཞག་ནས་ཞལ་བཞེས་དེ་དག་གི་ཁེ་ཕན་རྗེས་སུ་ལེན་ཐུབ་པའི་བཀོད་མངགས་ཞུས་ཡོད་ཅེས་ལས་བསྡོམས་སུ་བཀོད་འདུག་པ་དང་། སྤྱི་འཐུས་རྣམ་གཉིས་ཀྱིས་མཐོ་སློབ་ཁག་གི་སྤྱི་ཡོངས་གཟིགས་ཚུལ་བཀོད་པའི་ནང་། བོད་པའི་སློབ་ཕྲུག་མང་ཆེ་བ་སློབ་སྦྱོང་དང་སྦྱོང་བརྡར་ཁག་ལ་འབད་བརྩོན་ཡོད་པ་ཙམ་མ་ཟད། ལས་ཀ་ཡག་པོ་ཡོད་སྟབས་མཐོ་སློབ་ཚང་མས་སོ་སོའི་མཐོ་སློབ་ནང་བོད་ཕྲུག་གང་མང་ཡོང་ཐུབ་པའི་འབད་བརྩོན་བྱེད་བཞིན་པའི་རྣམ་པ་མཐོང་ཞེས་སོགས་བཀོད་འདུག །