སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་དང་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ནས་ ༢༨ བར་ཉིན་གྲངས་ ༡༥ ཙམ་རིང་ལོ་གཉིས་དང་ཕྱེད་ཀ་ཕྱི་མའི་ས་བགོས་ཁྱབ་ཁོངས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གོ་ཧ་ཀྲི་དང་། མེཧ་གྷ་ལ་ཡའི་མངའ་སྡེའི་གྲོང་ཁྱེར་ཤི་ལོང་། ཨ་རུ་ན་ཅཱལ་མངའ་སྡེའི་རྒྱལ་ས་ཨི་ཀྲ་ན་གྷར་དང་། བསྟན་འཛིན་སྒང་བོད་མིའི་གཞིས་ཆགས། འབུམ་སྡེ་ལ། རྡི་རང་། མོན་རྟ་དབང་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་སྟེ་ཕྱི་ཚེས་ ༢༩ ཉིན་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད།

དེ་ཡང་སྤྱི་འཐུས་རྣམ་གཉིས་ཕྱི་ཚེས་ ༡༤ ཉིན་སོ་སོའི་བཞུགས་གནས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༡༦ ཉིན་ལྡི་ལི་ནས་གོ་ཧ་ཀྲིར་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ཤི་ལོང་ས་འགོ་ལས་ཁུངས་ཀྱི་རྒན་དྲུང་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་སྣེ་ལེན་དང་། ཕྱི་དྲོ་གོ་ཧ་ཀྲི་ནས་ཤི་ལོང་ས་གནས་སུ་ཕེབས་འབྱོར་སྐབས། ས་གནས་གཞིས་འགོ་དང་། ས་འཐུས་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཞོན། ས་གནས་འོས་བསྡུའི་ལས་རོགས།  སྤྱི་མི་དང་ས་གནས་བུད་མེད་ཚོགས་གཙོ་གཅིག་ལྕོགས། སམ་བྷོ་ཊའི་སློབ་སྤྱི་དང་སྨན་རྩིས་ཁང་གི་སྨན་པ་བཅས་ནས་སྣེ་ལེན་ཞུས་གནང་འདུག

ཕྱི་ཚེས་ ༡༧ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་སྤྱི་འཐུས་རྣམ་གཉིས་ནས་དགའ་ལྡན་ཆོས་གླིང་དགོན་པར་མཆོད་མཇལ་ཞུས་རྗེས། སམ་བྷོ་ཊ་སློབ་གྲྭར་ཆེད་ཕེབས་གནང་བ་དང་། སྐབས་དེར་སློབ་གྲྭའི་དགེ་ཆེས་གཙོས་དགེ་སློབ་ཡོངས་ནས་སྣེ་ལེན་དང་། དེ་ནས་སློབ་གྲྭའི་དགེ་སློབ་ཡོངས་དང་ས་གནས་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་བཅས་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་ཤེས་ཡོན་གྱི་གལ་ཆེའི་སྐོར་དང་། དགེ་སློབ་བར་དམིགས་བསལ་འབྲེལ་ལམ་དགོས་པ། མ་འོངས་བོད་ཀྱི་སོན་རྩ་མིང་དོན་མཚུངས་པ་ཞིག་བྱེད་དགོས་པ་སོགས་ཀྱི་གསུང་བཤད་དང་།

སློབ་མ་ཚོས་བོད་ཀྱི་གཏམ་དཔེ་སྒྲོགས་སྦྱང་དང་། ལེགས་བཤད་བཤད་སྦྱངས། སྙན་ངག་གྱེར་འདོན། སྒྲུང་དེབ་ཀློག་འདོན། གསར་འགྱུར་སྒྲོགས་སྦྱང་སོགས་གནང་བ་མ་ཟད། འཛིན་རིམ་དང་པོ་དང་གཉིས་པའི་སློབ་མ་ཚོས་གཞས་སྣ་འཁྲབ་སྟོན་སོགས་ཞུས་གནང་རྗེས། སྤྱི་འཐུས་རྣམ་གཉིས་ནས་སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་། ལས་ཤག་དང་ཐབ་ཚང་། དཔེ་མཛོད་ཁང་སོགས་ལ་གཟིགས་སྐོར་གནང་ཡོད་པ་དང་།  རིམ་པས་ས་གནས་གཞིས་འགོ་ལས་ཁུངས་དང་། ས་འཐུས་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་ལས་ཁུངས། ས་གནས་སྤྱི་མིའི་ལས་ཁུངས། ས་གནས་སྨན་རྩིས་ཁང་བཅས་ལ་གཟིགས་ཞིབ་གནང་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་སྔ་དྲོ་ས་གནས་མི་མང་སྤྱི་ཁང་ནང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་རྗེས་ས་གནས་གནད་ཡོད་མི་སྣ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་ཤིང་། ཚོགས་འདུའི་ཐོག་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་དང་ལམ་སྟོན་ཞུས་པ་ཁག་ལ་སྐབས་ཐོག་སོ་སོར་ལམ་སྟོན་གནང་རྗེས། ཉིན་གཉིས་རིང་གི་ཤི་ལོང་ཁུལ་གྱི་ལས་རིམ་མཇུག་སྒྲིལ་གནང་ཡོད།

ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ཤི་ལོང་ནས་ཨི་ཀྲ་ན་གྷར་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་འབྱོར་མཚམས།  ས་གནས་འགོ་འཛིན་དང་སྤྱི་མི་བཅས་ནས་སྣེ་ལེན་དང་། དེ་རྗེས་ཨེ་ཀྲ་ན་གྷར་ཉེ་འདབས་སུ་ཆགས་པའི་ས་གནས་ན་ཧར་ལ་གྷན་ (Naharlagun) གྱི་བོད་མི་དུད་ཚང་བཅུ་བཞི་བཅས་ཚང་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། ཁོང་རྣམས་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་མ་ཟད། ས་གནས་སུ་ཆབ་སྲིད་ཀྱི་གནད་དོན་འོག་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཐད་ས་གནས་འགོ་འཛིན་ངོས་ནས་རོགས་སྐྱོར་ཅི་དགོས་གནང་དགོས་པ་དང་། དང་བླངས་དཔྱ་དངུལ་དུས་ཐོག་འབུལ་དགོས་པ་སོགས་ཀྱི་ལམ་སྟོན་བཅས་གནང་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཨི་ཀྲ་ན་གྷར་ནས་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས་ཕྱི་དྲོ་བསྟན་འཛིན་སྒང་དུ་འབྱོར་འཕྲལ། དེ་གའི་ས་འཐུས་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་འགོ་ལས་ཁུངས་ཀྱི་རྒན་དྲུང་དང་རྩིས་པ། རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད། བརྒྱ་དཔོན།  སློབ་གྲྭའི་སློབ་སྤྱི་བཅས་ནས་སྣེ་ལེན་དང་།

ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཐོག་མར་རྒྱུད་སྟོད་དགོན་པར་མཆོད་མཇལ་དང་། རིམ་པས་ས་གནས་བུ་གསོ་ཁང་དང་། ས་འགོ་ལས་ཁུངས། མཉམ་འབྲེལ་ལས་ཁུངས། འཕྲོད་བསྟེན་སྨན་ཁང་བཅས་ལ་གཟིགས་ཞིབ་གནང་ཡོད་པ་དང་། དེ་ནས་སྔ་དྲོ་ཆུ་ཚོད ༡༠ པའི་ཐོག་ས་གནས་ཚོགས་ཁང་ནང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མི་མང་ནས་དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད། དེ་བཞིན་དང་བླངས་དཔྱ་དངུལ་དང་འབྲེལ་བའི་དོགས་འདྲི་གནང་བ་ཁག་ལ་ལམ་སྟོན་ཇི་དགོས་གནང་ཡོད་པ་མ་ཟད། དུས་ཐོག་རོགས་རམ་དགོས་པའི་དཀའ་ངལ་ཡོད་རིགས་མི་མང་རྣམས་ལ་ས་གནས་འགོ་འཛིན་ངོས་ནས་ལྟ་རྟོགས་དགོས་པའི་ལམ་སྟོན་གནང་ཡོད་པ་དང་།

དེ་ནས་གཞིས་གྲོང་བཞི་དང་། ལོ་འཁོར་པད་ཚལ་ (Cabbage) གྱི་ཞིང་ས་དང། ཀི་ཝི་(kiwi) ཞིང་ས། ཀུ་ཤུའི་ཞིང་ས། གཡེར་མའི་ (Guinea pepper) ཞིང་ས་སོགས་ལ་གཟིགས་སྐོར་དང་། ས་གནས་བོད་མིའི་གཞིས་གྲོང་ནང་བོད་མི་མ་ཡིན་པ་ཡོད་ལུགས་སྤྱི་འཐུས་རྣམ་གཉིས་ནས་ས་གནས་རང་ནས་གོ་ཐོས་དང་འདྲི་རྩད་རྒྱུས་ལོན་བྱུང་རྗེས། མ་འོངས་པར་ས་གཞི་གཞན་ལག་ཏུ་ཤོར་བ་སོགས་ཀྱི་དཀའ་ངལ་མི་འཕྲད་པའི་ཆེད་ད་ལྟ་ནས་གཙང་སེལ་དགོས་ཚུལ་དང་། གན་རྒྱའི་ཡི་གེ་ཡག་པོ་འཇོག་དགོས་པའི་ལམ་སྟོན་ནན་པོ་གནང་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་བསྟན་འཛིན་སྒང་གཞིས་ཆགས་ནས་འབུམ་སྡེ་ལར་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ཁ་ཐོར་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་ལམ་སྟོན་ཇི་དགོས་དང་། དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། རྡི་རང་ལ་ཕེབས་ཐོན་གྱིས་ས་གནས་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་ལམ་སྟོན་ཇི་དགོས་དང་། དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད། དེ་བཞིན་ས་གནས་སུ་ཆབ་སྲིད་ཀྱི་གནད་དོན་འོག་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་རྣམས་ས་གནས་འགོ་འཛིན་ངོས་ནས་རོགས་རམ་གང་ཐུབ་གནང་དགོས་ཚུལ་དང་། ས་གནས་ཀྱི་ཡུལ་ཁྲིམས་དང་ལེན་དང་བརྩི་སྲུང་དགོས་པ་སོགས་ཀྱི་ལམ་སྟོན་གནང་ཡོད་འདུག

ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་རྡི་རང་ནས་མོན་རྟ་དབང་ལ་ཕེབས་ཐོན་གནང་བ་དང་། སྐབས་དེར་བྱང་མོན་བཀའ་བརྒྱུད་དགོན་དཔལ་སྤུངས་བྱང་ཆུབ་ཆོས་འཁོར་གླིང་དུ་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་རྣམས་ལ་སྒྲོལ་དཀར་ཡིད་བཞིན་ནོར་བུའི་ཚེ་དབང་གནང་བཞིན་པ་དང་བསྟུན། སྤྱི་འཐུས་རྣམ་པ་གཉིས་དེ་གར་ཆེད་ཕེབས་ཀྱིས་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་མཇལ་བཅར་དང་ཚེ་དབང་ཞུས་གནང་ཡོད་པ་དང་། དེ་རྗེས་སྤྱི་འཐུས་རྣམ་གཉིས་ནས་རིན་པོ་ཆེ་མཆོག་དང་ལྷན་ཉིན་གུང་གསོལ་ཚིགས་བཞེས་ཤིང་། སྐབས་དེར་རིན་པོ་ཆེ་མཆོག་དང་དགོན་པའི་མཁན་པོ་བཅས་དང་ལྷན་མོན་ཡུལ་ཕྱོགས་ཀྱི་གནས་སྟངས་སོགས་ཀྱི་ཐད་ལ་གོ་བསྡུར་ལྷུགས་པོ་གནང་ཡོད་པ་དང་། ཕྱི་དྲོ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་པདྨ་རྡོ་རྗེ་དང་ལས་བྱེད་གཅིག་བཅས་དང་ལྷན་ས་གནས་བོད་མིའི་ཚོང་ཁང་ཁག་དང་ཡུལ་མིའི་གནས་སྟངས་སོགས་རྒྱུས་ལོན་གནང་ཡོད་འདུག

ཕྱི་ཚེས་ ༢༤ ཉིན་སྔ་དྲོ་སྤྱི་འཐུས་རྣམ་གཉིས་མོན་རྟ་དབང་དགོན་པར་མཆོད་མཇལ་དང་། དགོན་པའི་འགྲེམས་སྟོན་ཁང་ལ་གཟིགས་སྐོར་གནང་རྗེས། མོན་རྟ་དབང་བོད་མིའི་སྤྱི་ཁང་ནང་ས་གནས་བོད་མི་རྣམས་ལ་གསུང་བཤད་དང་། མི་མང་ཁག་ཅིག་གིས་དང་བླངས་དཔྱ་དངུལ་དང་འབྲེལ་བའི་དོགས་འདྲི་སོགས་གནང་བར། སྤྱི་འཐུས་རྣམ་གཉིས་ནས་བཅའ་ཁྲིམས་དགོངས་དོན་ལྟར་དང་བླངས་དཔྱ་དངུལ་འབུལ་ཕྱོགས་སྐོར་སོགས་གསལ་བཤད་དང་། ལམ་སྟོན་དགོས་རིགས་ཁག་ལ་སྐབས་ཐོག་སོ་སོར་ལམ་སྟོན་གནང་ཡོད། ཉིན་རྒྱབ་སྤྱི་འཐུས་རྣམ་པ་གཉིས་རི་རྒྱ་བསམ་གཏན་གླིང་གི་སྐུ་ཐོག་བཅུ་གཅིག་པ་རི་རྒྱ་རིན་པོ་ཆེ་མཆོག་དང་ཕྱག་མཛོད་བཅས་རྣམ་གཉིས་ནས་སྣེ་ལེན་དང་བཅས། བླ་བྲང་གི་སྐུ་གསུང་ཐུགས་རྟེན་བཅས་ངོ་སྤྲོད་ཟབ་རྒྱས་གནང་བ་དང་སྦྲགས། རིན་པོ་ཆེ་མཆོག་དང་ལྷན་རི་རྒྱ་སྐུ་གོང་མའི་ལོ་རྒྱུས་དང་མོན་གྱི་ལོ་རྒྱུས་སོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་པ་དང་།

དེ་རྗེས་སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་ཕྱག་མཛོད་བཅས་ཀྱིས་སྣེ་ལེན་དང་སྦྲགས་དགོན་པར་མཆོད་མཇལ། དེ་བཞིན་༧རྒྱལ་དབང་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ཨུ་རྒྱན་གླིང་དུ་མཆོད་མཇལ་བཅས་ཞུས་གནང་ཡོད་པ་དང་། དེ་བཞིན་རྡོ་རྗེ་མཁའ་འགྲོའི་རྗེས་དྲན་འགྲེམས་སྟོན་ཁང་ལ་གཟིགས་སྐོར་ཞུས་གནང་རྗེས། ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གི་ས་མཚམས་སུ་དམག་འཁྲུག་བྱུང་སྐབས་རྒྱ་གར་དམག་མི་ཉིས་སྟོང་ལྷག་འདས་གྲོངས་སུ་འགྱུར་བའི་རྗེས་དྲན་མཆོད་རྟེན་ཆེན་མོར་ཆེད་མངགས་བཅར་ནས་བསྔོ་སྨོན་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༢༥ ཉིན་མོན་རྟ་དབང་སྒྲོལ་མ་སྐུ་བརྙན་ལ་མཆོད་མཇལ་དང་། ཕྱི་ཚེས་ ༢༦ ཉིན་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་ (ཀུན་མཁྱེན་མཚོ་སྣ་བའི་དགོན་པ།) གི་དཔེ་མཛོད་ཁང་དང་ཡུལ་ལྗོངས་བཅས་ལ་གཟིགས་སྐོར་གནང་རྗེས། བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ལ་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་བསྟན་འཛིན་སྒང་ནས་ཕེབས་ཐོན་གནང་སྟེ། མོན་དང་འབྲུག་གི་ས་མཚམས་ཇོ་མོ་གཙང་ཁ་ཞེས་པའི་འབྲུག་ཡུལ་ནང་དུ་ཕེབས་རྗེས། གོང་གསལ་ས་གནས་ཁག་གི་ལས་རིམ་མཇུག་སྒྲིལ་གནང་ཡོད།

གཟིགས་སྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། བཞུགས་མོལ་ཚོགས་འདུ་ཐེངས་ ༡ དང་། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༧ ཙམ་གནང་ཡོད། ཐེངས་འདིའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྣམ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་གནས་བབ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་རིམ་སྐོར་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་དང་།

དེ་བཞིན་སློབ་ཕྲུག་དང་། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཉིན་གྲངས་ ༡༥ རིང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །