སྤྱི་འཐུས་བློ་བཟང་གྲགས་པ་མཆོག་དང་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་རྣམ་གཉིས་ནས་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་དེའི་ཁྱབ་ཁོངས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་བློ་བཟང་གྲགས་པ་མཆོག་དང་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༥ ནས་ ༨ བར་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་དེའི་ཁྱབ་ཁོངས་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༥ ཉིན་ལྡི་ལིར་ཕེབས་འབྱོར་གནང་བ་དང་། ཉིན་རྒྱབ་ལྡི་ལི་བསམ་ཡས་གླིང་གི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱས་ལགས་ཀྱིས་འཚམས་འདྲི་དང་། ཕྱི་ཚེས་ ༦ ཉིན་སྤྱི་འཐུས་རྣམ་པ་གཉིས་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་ཆེད་ཕེབས་གནང་སྐབས། ས་གནས་བརྒྱ་འཐུས་ཀརྨ་རྡོ་རྗེ་ལགས་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྡོ་རྗེ་དོན་གྲུབ་ལགས། ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་སྒྲོལ་དཀར་བཀྲ་ཤིས་ལགས་བཅས་ཀྱིས་མཇལ་དར་བསྟར་འབུལ་གྱི་སྣེ་ལེན་ཞུས་གནང་བ་དང་། དེ་བཞིན་ཁྱབ་ཁོངས་ཚོགས་སྡེ་གཞན་ཁག་ལ་ཕེབས་སྐབས་ཀྱང་འབྲེལ་ཡོད་ལས་སྣེ་རྣམ་པས་སྣེ་ལེན་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༦ ཉིན་ནས་ལྡི་ལི་བོད་སྒར་བསམ་ཡས་གླིང་ཁྱབ་ཁོངས་དང་བཅས་པའི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་སྤྱི་འཐུས་རྣམ་གཉིས་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ལ་གཟིགས་སྐོར་དང་། རིམ་པས་བསམ་ཡས་གླིང་དུ་རྟེན་གཞི་བྱས་པའི་སྨན་རྩིས་ཁང་དང་། བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ་དང་། དེའི་འཛིན་ཁང་དང་དགེ་རྒན་གྱིས་སློབ་འཁྲིད་བྱེད་ཕྱོགས།  ས་གནས་བུད་མེད་ཚོགས་པའི་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། ས་གནས་བརྒྱ་འཐུས་ལས་ཁུངས། ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁང་དང་དེའི་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས། སྤྱི་མཐུན་མཉམ་འབྲེལ་གྱི་ལས་ཁུངས། ལྡི་ལི་ཤེས་རིག་པར་ཁང་། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགོན་པ། ཁུལ་དེར་ཡོད་པའི་ནད་གསོ་ཁང་བཅས་ལ་གཟིགས་ཞིབ་གནང་ཡོད་པ་དང་།

གཟིགས་ཞིབ་སྐབས་སོ་སོར་འབྲེལ་ཡོད་ནས་སོ་སོའི་ལས་དོན་བྱེད་ཕྱོགས་སྐོར་སོགས་སྤྱི་འཐུས་རྣམ་གཉིས་ལ་སྙན་གསན་ཞུས་གནང་བ་མ་ཟད། ལམ་སྟོན་ཞུས་པ་ཁག་ལ་སྤྱི་འཐུས་རྣམ་གཉིས་ནས་སྐབས་ཐོག་སོ་སོར་ལམ་སྟོན་གནང་འདུག་པ་དང་། དེ་བཞིན་བྱང་ཆུབ་ལྷ་ཁང་དང་འབྲས་སྤུངས་སྔགས་པ་གྲྭ་ཚང་གཉིས་ལ་མཆོད་མཇལ་ཞུས་གནང་འདུག

ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ལྡི་ལི་བསམ་ཡས་གླིང་བརྒྱ་འཐུས་ཚོགས་ཁང་དུ་བསམ་ཡས་གླིང་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམས་དང་ལྷན་ཚོགས་འདུ་ཞིག་འཚོགས་ཤིང་། སྐབས་དེར་སྤྱི་འཐུས་བློ་བཟང་གྲགས་པ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱལ་སྤྱིའི་ཐོག་བོད་དོན་དང་འབྲེལ་བའི་གནས་སྟངས། གནས་ཡུལ་རྒྱལ་ཁབ་དང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ཁྲིམས་ལུགས་དང་ཆབ་སྲིད། སྲིད་བྱུས་སོགས་ཀྱི་གནས་སྟངས་འོག་བོད་དོན་གྱི་གནས་བབ་སོགས་ཀྱི་ཐད་གསུང་བཤད་དང་། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་ལས་དོན་བྱེད་ཕྱོགས། ཉེ་བའི་ཆར་གྲོས་ཚོགས་སུ་གཏན་འབེབས་དང་བསྐྱར་བཅོས་ཕྱིན་པའི་ཁྲིམས་ཡིག་སྐོར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། མི་མང་གིས་དྲི་བ་གནང་བ་ཁག་ལ་སྤྱི་འཐུས་རྣམ་གཉིས་ནས་ལན་འདེབས་གསལ་བཤད་གནང་ཡོད།

ཉིན་རྒྱབ་བྷུ་ཏ་བྷི་ཧར་ (Ladakh Buddist Vihar) ལ་འཚམས་གཟིགས་གནང་ཞིང་། ས་གནས་དེར་ཡོད་པའི་སྨན་རྩིས་ཁང་དང་རྒྱུད་སྟོད་དགོན་པ་སོགས་ལ་གཟིགས་ཞིབ་གནང་རྗེས། ས་གནས་དེར་གནས་སྡོད་དང་། སུད་ཚོང་བ་བོད་མི་རྣམས་དང་ལྷན་ཚོགས་འདུ་འཚོགས་པའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་གོང་བཞིན་གསུང་བཤད་གནང་བ་མ་ཟད། མི་མང་གིས་དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ལྡི་ལི་བོད་ཁྱིམ་སློབ་ཕྲུག་སྡོད་ཁང་ (Tibetan Youth Hostel) དུ་གཟིགས་སྐོར་ཕེབས་པ་དང་། སྐབས་དེར་སྡོད་ཁང་འགན་འཛིན་གྱིས་སྣེ་ལེན་དང་སྦྲགས། ལྡི་ལི་བོད་ཁྱིམ་སྡོད་ཁང་བཙུགས་པའི་དགོས་དམིགས་དང་། ད་བར་ལོ་ངོ་ ༢༨ ལྷག་ཕྱིན་པའི་རིང་ལྡི་ལིར་མཐོ་སློབ་འགྲིམ་མཁན་བོད་པའི་སློབ་ཕྲུག་རྣམས་ཀྱི་མི་ཚེའི་མདུན་ལམ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར། དེ་བཞིན་ད་ལྟའི་ལས་བྱེད་དང་སློབ་མའི་གྲངས་འབོར་སོགས་ཀྱི་ཐོག་སྤྱི་འཐུས་རྣམ་པ་གཉིས་ལ་འགྲེལ་བརྗོད་ཞིབ་ཕྲ་གནང་ཡོད་འདུག་པ་དང་།

དེ་ནས་དགེ་སློབ་ལས་བྱེད་རྣམས་ཚང་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། ལྷག་པར་དུ་མཐོ་སློབ་སློབ་ཕྲུག་རྣམས་ཀྱིས་སོ་སོའི་ཉམས་མྱོང་དང་མཐོང་ཐོས་གཞིར་བཞག་ཐོག་སློབ་སྦྱོང་ཇི་ལྟར་བྱེད་དགོས་མིན་དང་། སོ་སོའི་མི་རིགས་ཀྱི་འཐབ་རྩོད་ཆེད་ཤེས་ཡོན་གྱི་ནུས་པ་ཇི་ལྟར་འདོན་ཐབས་བྱེད་དགོས་པའི་ལམ་སྟོན་གནང་ཡོད་འདུག

གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༣ ཙམ་གནང་ཡོད་པ་དང་། དེ་བཞིན་སློབ་ཕྲུག་དང་། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཉིན་གྲངས་ ༦ རིང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །